གཏེར་ཁ་སྔོག་པར་ངོ་རྒོལ།
2013.08.22

༄༅། །བོད་ཀྱི་ཁམས་ ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་དུ་རྒྱ་མི་གཏེར་ཁ་སྔོག་འདོན་པར་ས་གནས་བོད་མིས་ངོ་རྒོལ་གནང་བར་རྒྱ་ནག་གིས་དྲག་ཆས་དམག་མི་འབོར་ཆེན་བཏང་ནས་དྲག་གནོན་བྱེད་བཞིན་ཡོད་པར་བརྟེན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་ནག་གི་བྱ་སྤྱོད་དེར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ཕྱོགས་མཚུངས་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ནིའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱེད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཡན་ལག་ལས་ཁུངས་མདུན་ཉིན་གྲངས་གསུམ་རིང་མུ་མཐུད་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤེལ་བའི་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་དེའི་ནང་། རྒྱ་ནག་གཞུང་གིས་འཆར་གཞི་དང་ལྡན་པའི་ཐོག་བོད་ཀྱི་གཏེར་ཁ་གང་བྱུང་སྔོག་འདོན་དང་། ཁོར་ཡུག་གཏོར་སྐྱོན་གཏོང་བཞིན་པར་ཐུགས་འཚབ་ཡོད་སྐོར་གསུངས་འདུག བསྒྲགས་གཏམ་དེའི་ནང་ད་དུང་། བོད་ནང་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་དེ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་རྒྱ་ནག་གི་རྩ་ཁྲིམས་དང་ཡོངས་སུ་འགལ་བའི་བྱ་སྤྱོད་ཅིག་ཡིན་པ་དང་། བོད་ནང་གི་ཁོར་ཡུག་དེས་ཨེ་ཤེ་ཡའི་མི་རིགས་ཐེར་འབུམ་མང་པོར་ཕན་ནུས་འབྲེལ་བ་ཞིག་ཡིན་སྐོར་གསུངས་ཡོད་པ་རེད། དེ་བཞིན་རྒྱ་ནག་གཞུང་ནས་བོད་ཀྱི་སྣོད་བཅུད་གཉིས་ཀར་གཏོར་བཤིག་གཏོང་བཞིན་པ་དེ་མཚམས་འཇོག་ཡོང་ཐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་སྐོར་གསུངས་འདུག
ཡང་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ཚེས་༡༩ནས་༢༡བར་ཉིན་གྲངས་གསུམ་གྱི་རིང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱེད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཡན་ལག་ལས་ཁུངས་ཀྱི་མདུན་དུ་རྔམ་སྟོན་སྐད་འབོད་གནང་ཡོད་པ་རེད། ཁོང་རྣམ་པའི་ལས་འགུལ་དེ་གཙོ་བོ་བོད་ནང་གི་བོད་མི་ཚོའི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་ཆེད་ཡིན་པ་དང་། རྒྱ་ནག་གཞུང་ནས་བོད་མི་ཞི་བའི་ལས་འགུལ་བར་དྲག་གནོན་བྱས་པ་དེར་ངོ་རྒོལ་ཆེད་དམིགས་པ་ཞིག་ཡིན་པ་རེད།།