སྲིད་འཛིན་ཨོ་བྷ་མས་དབུ་མའི་ལམ་ལ་བསྔགས་བརྗོད་གནང་འདུག


2014.02.21
ཨ་རིའི་སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་སྐབས། ༢༠༡༤།༢།༢༡ ཨ་རིའི་སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་སྐབས། ༢༠༡༤།༢།༢༡
པར། ཕོ་བྲང་དཀར་པོ།

དེ་ཡང་རྒྱ་ནག་གི་སྐྱོན་བརྗོད་ལ་མ་བལྟོས་བར་སྤྱི་ཟླ་༢བའི་ཚེས་༢༡རེས་གཟའ་པ་སངས་ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ཡོལ་ཙམ་ལ་ཨ་རིའི་ཆེ་མཐོང་བདེ་འཇགས་ཀྱི་སྲུང་སྐྱོབ་འོག་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོར་ཕེབས་ནས། དུས་ཡུན་ཆུ་ཚོད་གཅིག་ཙམ་རིང་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་མཇལ་འཕྲད་གནང་ཡོད། དེའི་ཐད་ཨ་རིའི་ཕོ་བྲང་དཀར་པོ་ནས་གནས་ཚུལ་སྤེལ་དོན། མཇལ་འཕྲད་སྐབས་སྲིད་འཛིན་ཨོ་བྷ་མ་མཆོག་གིས་རྒྱ་ནག་ནང་གི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་འགྲོ་བ་མིའི་ཐོབ་ཐང་ཐད་རྒྱབ་སྐྱོར་ཤུགས་ཆེན་སྟོན་གནང་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཞི་བདེ་དང་། འཚེ་བ་མེད་པའི་ཆོད་སེམས་ཀྱི་དབུ་མའི་ལམ་ལ་སྲིད་འཛིན་གྱིས་བསྔགས་བརྗོད་གནང་བ་དང་། དེ་བཞིན་སྲིད་འཛིན་མཆོག་གིས་རྒྱ་བོད་བར་ཡུན་རིང་མ་མཐུན་པའི་གནད་དོན་ཁག་སེལ་ཐབས་སུ་ཐད་ཀར་གྲོས་མོལ་ཡོང་བར་ནན་གསུངས་དང་། དེའི་ཐོག་ནས་རྒྱ་ནག་དང་བོད་མི་གཉིས་ཀར་བཟང་ཕྱོགས་ཀྱི་འབྲས་བུ་སྨིན་རྒྱུ་ཡིན་པའི་སྐོར་གསུངས་འདུག   རྒྱུ་མཚན་དེ་ལ་བརྟེན་ནས་སྲིད་འཛིན་མཆོག་གིས་ཨ་རིའི་ངོས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་དང་། ཨ་རིས་བོད་རང་བཙན་ལ་རྒྱབ་སྐྱོར་གནང་གི་མེད་པ་བསྐྱར་ཟློས་གནང་སྐབས། ༧གོང་ས་མཆོག་གིས་བོད་མིས་རང་བཙན་རྩོད་ཀྱི་མེད་པ་དང་། རྒྱ་བོད་བར་གྱི་འབྲེལ་མོལ་བསྐྱར་གསོ་ཡོང་བའི་རེ་བ་གནང་གི་ཡོད་པ་གསལ་སྟོན་གནང་འདུག དེ་དང་ཕྱོགས་མཚུངས་སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་རྒྱ་ནག་དང་ཨ་རི་གཉིས་བར་བཟང་ཕྱོགས་ཀྱི་འབྲེལ་ལམ་འཛིན་རྒྱུའི་གལ་ཆེན་རང་བཞིན་སྐོར་ལ་མོས་མཐུན་བྱུང་ཡོད་པ་འཁོད་འདུག
དེའི་ཐད་དབུས་བོད་མིའི་སྒྲིག་འཛུཊ་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། ཆུ་ཚོད་གཅིག་ཙམ་གྱི་མཇལ་ཕྲད་དེའི་ནང་དབུ་ཁྲིད་རྣམ་གཉིས་ཀྱིས་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་ཐབས་དང་། ཆོས་ལུགས་ཕན་ཚུན་བསམ་ཚུལ་བརྗེ་ལེན། དེ་བཞིན་བོད་ཀྱི་ཐུན་མོང་ཡིན་པའི་རིག་གཞུང་དང་དུས་རབས་༢༡པའི་ནང་ཀུན་སྤྱོད་ལྡན་པའི་དུས་རབས་གསར་པའི་དབུ་ཁྲིད་ཡོང་ཐབས་སོགས་ཀྱི་སྐོར་བཀའ་མོལ་གནང་ཡོད་འདུག ད་དུང་གནས་ཚུལ་ནང་། སྐབས་དེར་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་དང་མཇལ་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སོང་ཞེས་དང་༧གོང་ས་མཆོག་གིས་སྟོན་གནང་བའི་གཉིས་ཕན་དབུ་མའི་ལམ་ལ་ཨོ་བྷ་མས་རྒྱབ་སྐྱོར་ཡོད་པ་དང་གསུངས་ཡོད་འདུག དེ་བཞིན་རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མའི་་སྐུ་ཚབ་དང་མཉམ་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ངེས་པར་དུ་གྲོས་མོལ་གནང་དགོས་སྐོར་གསུངས་པ་དང་། བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཐད་ལ་རྒྱབ་སྐྱོར་ཡོད་པ་ཡང་ནན་གསུངས་གནང་ཡོད་འདུག མཇལ་འཕྲད་སྐབས་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་བོད་ཀྱི་གནད་དོན་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་གསལ་བཤད་གནང་བའི་སྐབས་སུ་སྲིད་འཛིན་མཆོག་གིས་བོད་ནང་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐོང་གནས་བབ་ཇེ་ཞན་ཇེ་སྡུག་དུ་འགྲོ་བཞིན་པའི་གནས་སྟངས་ལ་སེམས་འཚབ་ཆེན་པོ་ཡོད་པ་གསུངས་འདུག
ཡང་དེའི་ཐད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་དོན། སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་མཇལ་འཕྲད་གནང་བ་དེས་བོད་ནང་དུ་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་བོད་མི་རྣམས་ལ་རེ་བ་ཆེན་པོའི་ནུས་པ་ལྡན་པའི་བརྡ་ལན་ཞིག་སྤྲད་པ་རེད། མཇལ་འཕྲད་དེ་བརྒྱུད་ནས་ཨ་རིའི་གཞུང་དང་མི་དམངས་ཚོས་རང་དབང་དང་དམངས་གཙོ་ལ་མུ་མཐུད་ཆོད་སེམས་བརྟན་པོའི་རྒྱབ་སྐྱོར་གྱི་རྣམ་པ་མཚོན་གྱི་ཡོད་པ་རེད་ཅེས་དང་། ད་དུང་སྲིད་འཛིན་མཆོག་གིས་བོད་དོན་འཐབ་རྩོད་ཀྱི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཆེན་པོ་གནང་བ་དང་། རྒྱ་བོད་བར་དོན་སྙིང་ལྡན་པའི་གྲོས་མོལ་ཡོང་ཐབས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་བསྔགས་བརྗོད་གནང་འདུག
ཡང་དེའི་ཐད་རྒྱ་ནག་གཞུང་གི་མགྲིན་ཚབ་མHua Chunyingདབུ་ཁྲིད་རྣམ་གཉིས་མཇལ་འཕྲད་མ་གནང་གོང་ཕྱི་བསྒྲགས་ཤིག་སྤེལ་བའི་ནང་། ཨ་རིའི་དབུ་ཁྲིད་ཀྱིས་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་རྒྱུ་བྱས་བ་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ལ་ཐེ་ཇུས་བྱེད་པ་ཞིག་དང་། དེ་རྒྱལ་སྤྱིའི་འབྲེལ་ལམ་གྱི་ལུགས་དང་ཚབས་ཆེའི་འགལ་ཟླ་འགྲོ་བ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎