གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བར་བལ་ཡུལ་དུ་དམ་དྲག
2014.03.03
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བར་བལ་ཡུལ་གཞུང་གིས་བོད་མི་ཚོའི་ཐོག་དམ་དྲག་དོཊ་ཟོན་བྱེད་འགོ་ཚུཊ་འདུག
དེ་ཡང་APགསར་ལས་ཁང་གིས་ཚེས་༢ཉིན་གནས་ཚུལ་སྤེལ་དོན། རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་བོད་ཀྱི་རང་བཙན་སླར་གསོའི་ཆེད་དུ་ཕྱི་ལོ་༡༩༥༩ལོའི་ཕྱི་ཟླ་༣པའི་ཚེས་༡༠ཉིན། བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སེར་སྐྱ་ཡོངས་ཀྱིས་རྒྱ་ནག་བཙན་འཛུལ་མཁན་ལ་ངོ་རྒོལ་གྱེན་ལངས་བྱས་པའི་དུས་དྲན་སླེབས་ལ་ཉེ་བར་། རྒྱ་ནག་གི་གནོན་ཤུགས་ལ་བརྟེན་བལ་ཡུལ་གཞུང་གིས་བལ་ཡུལ་ནང་གནས་པའི་བོད་མི་ཚོའི་ལས་འགུལ་སྤྱི་དང་དམིགས་སུ་བཀར་ནས་བོད་མིས་རང་ལུས་མེར་བསྲེག་གཏོང་བ་སོགས་བཀག་འགོག་བྱེད་ཕྱིར་ཉེན་རྟོག་དམག་དཔུང་རྣམས་ཀྱིས་ད་ལྟ་ནས་བོད་མི་ཚོའི་འགྲོ་འདུབ་སྤྱོད་གསུམ་ལ་དོགས་ཟོན་དང་དམ་དྲག་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། བལ་ཡུལ་གྱི་རྒྱལ་སའི་ཉེན་རྟོག་འགན་འཛིན་Ganesh K Cཡིས་བརྗོད་དོན། ན་ནིང་ལོའི་གསུམ་བཅུའི་དུས་དྲན་སྐབས་བལ་ཡུལ་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེག་བཏང་ཡོད་པས། གནས་ཚུལ་དེ་འདྲ་ཡང་བསྐྱར་མི་འབྱུང་ཆེད་སྔ་ས་ནས་སྔོན་འགོག་བྱེད་ཀྱི་ཡོད་ཅེས་བཤད་པ་ལས་སྔོན་འགོག་ཇི་ལྟར་བྱེད་རྒྱུ་ཡིན་མིན་གསལ་བཤད་བྱས་མེད་པ་རེད།
རྒྱ་ནག་གིས་བོད་བཙན་བཟུང་དང་དམ་དྲག་དྲག་གནོན་གྱི་སྲིད་ཇུས་ལ་བལ་ཡུལ་ནང་གི་བོད་མི་ཚོས་ཡང་ཡང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། བལ་ཡུལ་གྱི་རྒྱལ་སའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་དང་། དེ་མིན་གྱི་ས་གནས་གཙོ་ཆེ་འགའ་ཞིག་གི་གཙོས་རྒྱལ་ནང་དུ་བོད་མི་ཚོས་བོད་དོན་ལས་འགུལ་སྤེལ་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་འབེན་པ་སྟོབས་རྒྱལ།