༧གོང་ས་མཆོག་གིས་བོད་མིར་བཀའ་སློབ།


2015.10.01
༧གོང་ས་མཆོག་གིས་བོད་མིར་མཇལ་ཁ་དང་སྐུ་ཁམས་གསལ་ཐང་གི་བཀའ་བསྩལ་བ། གོང་ས་མཆོག་ནས་ཨ་རིའི་མི་ནི་སོ་ཌ་མངའ་སྡེའི་ནང་ཡོད་པའི་བོད་མི།
སྒྲོལ་དཀར།

༄༅།བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཕྱི་ཟླ་ ༩ པའི་ཚེས་ ༣༠ ཉིན་ཨ་རིའི་མངའ་སྡེ་མི་ནི་སོ་ཌའི་ནང་གནས་སྡོད་བོད་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས། མགོན་པོ་གང་ཉིད་སྐུ་གཟུགས་གསལ་ཐང་ཡིན་པར། ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་སྡོད་ཅེས་གསུངས་འདུག  དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་  ཨ་རིའི་མངའ་སྡེ་མི་ནི་སོ་ཌའི་གྲོང་ཁྱེར་རོ་ཅེས་ཀྲར་གྱི་མ་ཡོ་སྨན་ཁང་དུ་༧སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་ཆིབས་སྒྱུར་བསྐྱངས་པ་དང་བསྟུན། ཁུལ་དེར་གནས་སྡོད་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ས་གནས་དང་ཉེ་འཁོར་མངའ་སྡེ་ཁག་ནས་བཅར་བའི་བོད་མི་རྣམས་ལ་གོང་ཚེས་ཉིན་བཀའ་སློབ་སྩལ་བའི་ནང༌། ཁྱེད་རང་ཚོ་ཚང་མས་ཤེས་གསལ་རེད། ངོས་ཀྱིས་མ་ཡོ་སྨན་ཁང་ནང་བརྟག་དཔྱད་བྱས་ཏེ་ལོ་བཅུ་གྲངས་ཕྱིན་ཡོད། ཧ་ལམ་ལོ་རྟག་འཆར་འདིར་ཡོང་གི་ཡོད། མ་གཞི་ཟླ་བ་དྲུག་རེའི་མཚམས་ལ་ལྡི་ལིར་བརྟག་དཔྱད་རེ་བྱེད་རྒྱུ་དང་། དེ་ནས་ཟླ་བ་དྲུག་གི་རྗེས་འདིར་ཚུར་ཡོང་སྟེ་བརྟག་དཔྱད་བྱེད་བཞིན་ཡོད། ཐེངས་འདིར་འདི་གར་བརྟག་དཔྱད་ཆེད་ཡོང་བ་ཡིན། ཁ་སྔོན་རྒྱ་གར་དུ་བརྟག་དཔྱད་བྱེད་སྐབས་གཟུགས་པོ་ཧ་ཅང་ཡག་པོ་འདུག ནད་གཞི་རིགས་གང་ཡང་མི་འདུག་ཅེས་བརྗོད་བྱུང་། ད་རེས་ཡང་འདི་གར་བརྟག་ཞིབ་བྱས་རྗེས་གཟུགས་པོའི་གནས་སྟངས་རྩ་བའི་ཆ་ནས་ཧ་ཅང་ཡག་པོ་འདུག ཅེས་བརྗོད་ཀྱི་འདུག་པས་ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་སྡོད་ཅེས་དང༌།
ཡང་༧གོང་ས་མཆོག་གིས།  ད་ལོའི་ལོ་མཇུག་ལ་དུས་འཁོར་དབང་ཆེན་བྱེད་རྒྱུའི་ཐོག་མའི་འཆར་གཞི་དེ་མི་དགོས་པ་བྱས་པ་རེད། དེའི་སྔོན་ལ་སོག་ཡུལ་ལ་དུས་འཁོར་དབང་ཆེན་བྱེད་རྒྱུའི་རེ་འདུན་ཞུས་པ་རེད། དེ་ཡང་མ་དགོས་པ་བྱས་པ་རེད། དེ་མིན་གྱི་འདི་གར་ཆོས་འབྲེལ་བྱེད་རྒྱུ་ཁ་ཤས་ཡོད་པ་དེ་དག་བསྡུས་པ་བཟོས་ཡོད། ཕྱི་ཟླ་ ༡༢
ནང་རྒྱ་གར་ལྷོ་ཕྱོགས་སུ་ལོ་གཉིས་ཙམ་ཕྱིན་པའི་ལམ་རིམ་འཁྲིད་ཆེན་བཅོ་བརྒྱད་ཀྱི་མཇུག་དེ་ལྷོད་ལྷོད་ངང་སྐྱེལ་དགོས་བསམས་དྲན་བྱུང་ཞེས་ད་ནས་བཟུང་ཆིབས་བསྒྱུར་དང་མཛད་འཕྲིན་ཁག་ཉུང་དུ་གཏོང་རྒྱུའི་དགོངས་བཞེས་གནང་རྒྱུ་ཡིན་པའི་བཀའ་སྩལ་གནང་མཛད་ཡོད་པ་རེད།།  གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎