བོད་ཐོག་འཛིན་པའི་སྲིད་ཇུས་ཁ་གསལ་དུ་གཏོང་དགོས།
2014.04.01

རྒྱ་གར་གཞུང་གི་ཕྱི་འབྲེལ་སྲིད་ཇུས་ནང་བོད་ཐོག་འཛིན་པའི་སྲིད་ཇུས་བསྐྱར་དུ་ཁ་གསལ་དུ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་ཕྱི་ཟླ་བཞི་པའི་ཚེས་༡ཉིན་ཧི་མ་ལ་ཡ་བོད་ཀྱི་ལས་དོན་ཚོགས་པ་HCATཞེས་བས་རྒྱ་གར་གཞུང་གི་ཕྱི་འབྲེལ་སྲིད་ཇུས་ནང་བོད་ཐོག་ལ་འཛིན་པའི་སྲིད་ཇུས་བསྐྱར་དུ་ཁ་གསལ་དུ་གཏོང་དགོས་པ་དང་། བོད་ཀྱི་གནད་དོན་ཐོག་གི་ལངས་ཕྱོགས་འཛམ་གླིང་ཐོག་གསལ་བཤད་བྱ་དགོས་པའི་སྐོར་འབོད་སྐུལ་ཞུས་ཡོད་པ་དང་། དེ་སྔ་རྒྱ་གར་དབྱིན་ཇིའི་སྲིད་གཞུང་གི་ཐོག་ནས་གྲོས་མོལ་གནང་མཁན་སྐུ་ཚབ་སྐུ་ཞབས་Henry McMohan ཞུ་བས་ཐུགས་འགན་གཙོ་བོ་བཞེས་པའི་ཐོག་ནས། བོད་ཀྱི་སྐུ་ཚབ་དང་ལྷན་དུ་ཕྱི་ལོ་༡༩༡༤ ལོའི་ཕྱི་ཟླ་བདུན་པའི་ཚེས་༣ ཉིན་རྒྱ་གར་གྱི་བྱང་ཕྱོགས་ས་གནས་སིམ་ལར་བོད་དང་རྒྱ་གར་བར་ལ་McMohanས་ཐིག་བྲིས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་ཚིགས་འཁེལ་ཡོད་པར་བརྟེན་ཉེ་ཆར་ལོ་རྒྱུས་སྨྲ་བ་པོ་དང། ཧི་མ་ལ་ཡའི་བོད་ཀྱི་ལས་དོན་ཚོགས་པའི་ཚོགས་མི། བོད་མིའི་སྐུ་ཚབ་བཅས་ཀྱིས་McMohan ས་ཐིག་གི་འགྱུར་ལྡོག་སྐོར་དང་དེ་སྔ་རྒྱ་གར་དབྱིན་ཇིའི་གཞུང་གི་སྐུ་ཚབ་དང་། བོད་ཀྱི་སྐུ་ཚབ་ཕན་ཚུན་ས་ཐིག་བྲིས་པའི་སྐབས་རྒྱ་ནག་དང་རྒྱ་གར་དབར་ལ་ས་མཚམས་ཀྱི་རྙོག་དྲ་བྱུང་བའི་གནད་དོན་སྐོར་ལ་གོ་བསྡུར་གནང་བར་སིམ་ལར་འདུ་འཛོམས་གནང་ཡོད་པ་རེད། ཧི་མ་ལ་ཡའི་བོད་ཀྱི་ལས་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་Bhagat Kinnerཞུ་བས། ཕྱི་ཟླ་བདུན་པའི་ནང་དུའང་འཛམ་གླིང་ཁྱོན་ཡོངས་ནས་ལོ་རྒྱུས་སྨྲ་བ་པོ་སོགས་གྲགས་ཅན་མི་སྣ་རྣམས་སིམ་ལར་འདུ་འཛོམས་གནང་སྟེ། ཁོང་ཚོས་བོད་དང་རྒྱ་གར་གྱི་ལོ་རྒྱུས་ར་སྤྲོད་བྱ་རྒྱུ་ཡིན་པ་དང་། འོན་ཀྱང་རྒྱ་གར་གཞུང་གིས་བོད་ཀྱི་གནད་དོན་ཐོག་ལ་ལངས་ཕྱོགས་བརྟན་པོ་ཞིག་མ་འཛིན་པར་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱེད་པའི་ནོར་འཁྲུལ་གྱི་སྲིད་ཇུས་འཛིན་བཞིན་ཡོད་པ་རེད། གནད་དོན་ངོ་མོ་ནི། བོད་དེ་ནི་དུས་རྟག་ཏུ་རྒྱ་གར་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་བར་གནས་སུ་གནས་ཡོད་ལ་བར་གནས་ཀྱི་གནས་སྟངས་དེ་མུ་མཐུད་ནས་གནས་ཡོད་ན་རྒྱ་གར་དང་རྒྱ་ནག་ཕན་ཚུན་ས་མཚམས་ཀྱི་རྙོག་དྲ་ཟེར་བ་ཡོང་མི་སྲིད་པ་ཞིག་ཡིན་ཞིང། དེར་བརྟེན་རྒྱ་གར་ཕྱོགས་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གྱི་གླེང་སློང་བྱ་དགོས་པ་དང་བོད་མིའི་རང་དབང་འཐབ་རྩོད་ཀྱི་ཐོག་ལ་རྒྱབ་སྐྱོར་བྱ་དགོས་ཀྱི་རེད་ཅེས་གསུང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།