རྒྱ་ནག་ནང་གན་དྷི་མཆོག་ལ་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་འདུག
2014.02.03

བདག་ཉིད་ཆེན་པོ་གན་དྷི་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་རྒྱ་ནག་ནང་ཐོག་མར་འགྲེམས་སྤེལ་བྱེད་རྒྱུ་ཡིན་འདུག
དེ་ཡང་BBCགསར་ལམ་ཐོག་སྤེལ་བའི་གནས་ཚུལ་ནང། རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་དང་། མེས་པོ་དམ་པ་གན་དྷིའི་སྐུ་ཚེའི་ལོ་རྒྱུས་ཀྱི་ཕྱག་དེབ་The Story of My Experiments with Truth ཞེས་པ་འབུམ་གཉིས་ལྷག་ཙམ་རྒྱ་གར་ནང་འགྲེམས་ཚོང་གནང་ཡོད་ཅིང་། ཕྱག་དེབ་དེ་སྐད་ཡིག་མི་འདྲ་བ་༣༥ནང་ཕབ་བསྒྱུར་ཞུས་ཡོད་པ་དང། དེང་སྐབས་རྒྱ་ནག་ནང་མང་ཚོགས་ཁྲོད་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་སྟབས་རྒྱ་ཡིག་ཏུ་ཕབ་བསྒྱུར་གནང་བཞིན་ཡོད་སྐོར་རྒྱ་ནག་གི་མཁས་པ་ཁག་ཅིག་གིས་འགྲེལ་བརྗོད་གནང་འདུག རྒྱ་གར་གྱི་གྲོང་ཁྱེར་Ahmedabadནང་ལོ་༨༤གོང་གན་དྷིས་གསར་འཛུགས་གནང་བའི་Navajivan ཐེབས་རྩའི་པར་བསྐྲུན་ཁང་གི་འགན་འཛིན་Vivek Desaiཡིས་་ཨུ་རུ་སུ་དང་རྒྱ་ནག་གཉིས་ནང་གན་དྷིའི་སྐོར་གྱི་ཕྱག་དེབ་ད་བར་དར་ཁྱབ་བྱུང་མེད་སྟབས། རྒྱ་ནག་ནང་གན་དྷིའི་ལོ་རྒྱུས་ལ་དོ་སྣང་ཆེ་རུ་འགྲོ་གི་ཡོད་པ་དེས་ང་ཚོའི་སྤྲོ་བ་འཕེལ་སོང་ཞེས་གསུངས་འདུག།
རྒྱ་ནག་Guangzhouཁུལ་རྟེན་གཞི་བྱས་པའི་Sun Yat-Senགཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོནDr.Huang Yinghongགིས་རྒྱ་ནག་ནང་གན་དྷིའི་སྐོར་ལ་ཤེས་འདོད་ཡོད་མཁན་རྒྱ་རིགས་མང་པོ་ཞིག་ལ་གན་དྷིའི་ལོ་རྒྱུས་དང་རྩོམ་ཡིག་རྒྱ་སྐད་ཐོག་ལྟ་ཀློག་བྱེད་ས་མེད་དུས། ཁོང་དང་ཁོང་གི་ཕྱག་སྦྲེལ་ཁག་ཅིག་གིས་གན་དྷིའི་སྐུ་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་བམ་པོ་ལྔ་རྒྱ་ཡིག་ནང་ཕབ་བསྒྱུར་དང་ད་ལོའི་ལོ་མཇུག་ཏུ་པར་འགྲེམས་གནང་ཚར་བ་གནང་རྒྱུ་ཡིན་སྐོར་གསུངས་འདུག དེ་བཞིན་ལྷོ་རྒྱ་ནག་གི་རྒྱུན་ལྡན་གཙུག་ལག་སློབ་གྲྭའི་ཕྱི་འབྲེལ་ཞིབ་འཇུག་ཚན་པའི་དགེ་རྒན་ཆེན་མོ་Shang Quanyuས་གན་དྷིའི་ཐོག་ཞིབ་འཇུག་གནང་གི་ཡོད་པ་དང། ཁོང་གིས་རྒྱ་ནག་ནང་དཔལ་འབྱོར་གྱི་བཅོས་བསྒྱུར་བཏང་ཚར་བའི་རྗེས་མི་མང་པོ་ཞིག་གིས་གན་དྷིའི་རྩོམ་ཡིག་ཁག་ལ་དོ་སྣང་གསར་པ་ཞིག་སླེབས་ཡོད་པ་དང། ༡༩༨༠རྗེས་སུ་རྒྱ་ནག་ནང་གན་དྷིའི་སྐོར་དཔེ་དེབ་གྲངས་༥༠ལྷག་འགྲེམས་སྤེལ་བྱས་ཟིན་སྐོར་གསུངས་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།