དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་རིན་པོ་ཆེ་ཡིས་དགོངས་ཞུ།


2014.06.02
རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་ཉེ་པར་ཞིག རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་ཉེ་པར་ཞིག
AFP

རྒྱ་རི་རིན་པོ་ཆེ་ཡིས་ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་ཚོགས་གཙོ་ནས་དགོངས་པ་ཞུས་ཡོད་པ་རེད།
དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་བ་རྒྱ་རི་རིན་པོ་ཆེ་ཡིས་ཉེ་བའི་སྤྱི་ཟླ་ལྔ་བའི་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གསར་བ་ Matteo Mecacci ནི་ནུས་བ་ལྡན་པའི་ངང་ལས་དོན་སྒྲུབ་ཐུབ་མཁན་ཞིག་ཡིན་པ་དང་། ལས་ཁུངས་ལ་ལས་བྱེད་རུ་ཁག་ཡང་ཡག་པོ་ཡོད་པས་སྤྱི་ལོ༢༠༡༤ལོའི་ལོ་མཇུག་ནས་ཁོང་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་ཚོགས་གཙོ་ནས་དགོངས་པ་ཞུས་ནས་རྒན་ཡོལ་ལ་ཕེབས་རྒྱུ་ཡིན་པ་གསལ་བཤད་གནང་ཡོད་པ་མ་ཟད། དེ་རིང་ཚེས ༢ ཉིན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལས་བྱེད་ཡོངས་ལ་ཡང་ཁོང་གིས་ད་ལོའི་སྤྱི་བཅུ་གཉིས་པའི་ཟླ་མཇུག་ནས་འཛིན་སྐྱོང་ཚོགས་གཙོ་ནས་དགོངས་པ་ཞུ་རྒྱུ་ཐག་གཅོད་གནང་ཡོད་པ་འགྲེལ་བརྗོད་གནང་འདུག
རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་༡༩༩༡ལོ་ནས་གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་། ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ལ་རྟེན་གཞི་བྱས་བའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གནང་བ་དང་། ༡༩༩༩ལོ་ནས་ལས་ཁུངས་དེའི་འཛིན་སྐྱོང་ཚོགས་གཙོ་གནང་ཡོད་པ་རེད། ཁོང་བོད་ཤར་ཕྱོགས་ཁམས་ཉག་རོང་ལ་འཁྲུངས་བ་དང་། བླ་མའི་ཡང་སྲིད་དུ་ངོས་འཛིན་གནང་བ་ཞིག་ཡིན་ཞིང། བཙན་བྱོལ་དུ་ཕེབས་པའི་རྗེས་སྐུ་གཞོན་ནུའི་སྐབས་བོད་མིའི་རང་དབང་གསར་ཤོག་གི་རྩོམ་སྒྲིག་པའི་ཐུགས་འགན་བཞེས་པ་དང། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དབྱིན་ཡིག་ཐོག་གསར་ཤོག་ཐེངས་དང་པོ་བོད་ཀྱི་འབོད་སྒྲ་ཞེས་པ་དེ་འདོན་སྤེལ་གནང་ཡོད། ༡༩༧༠ ནང་ཁོང་དང་ཕྱག་རོགས་གསུམ་མཉམ་རུབ་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་བ་དང། དེའི་རྗེས་བཙན་བྱོལ་བོད་པའི་སྒྲིག་འཛུགས་ནང་འགོ་ཁྲིད་རིམ་པའི་གོ་གནས་བསྐོ་བཞག་བྱུང་སྟེ། ཐོག་མར་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། དེའི་རྗེས་བཀའ་བློན་གནང་བའི་ཁར། དམིགས་བསལ་བོད་དང་བོད་མི་རིགས་ཀྱི་ཆེད་དུ་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ལས་འགན་རྐང་བཞེས་པ་དང། དེ་བཞིན་ཕྱི་ལོ་༡༩༩༡ནས་༢༠༡༡ བར་གྲོས་ཚོགས་ནས་ཨ་སྒོར་ས་ཡ་༡༨༥ བོད་དང་བཙན་བྱོལ་ནང་གི་བོད་མིའི་ཆེད་དུ་རོགས་དངུལ་རྒྱས་བཅད་ཡོང་ཐུབ་རྒྱུར་ལེགས་སྐྱེས་ཀྱང་ཕུལ་ཡོད་པ་རེད། ད་དུང་ཁོང་ནི་༡༩༨༢ དང་༡༩༨༤ ལོར་བོད་རྒྱའི་འབྲེལ་མོལ་གནང་བར་བོད་ཀྱི་སྐུ་ཚབ་འཐུས་མིའི་ཁོངས་སུ་རྒྱ་ནག་ཏུ་ཕེབས་ཡོད་པ་མ་ཟད། ༢༠༠༢ ནས་༢༠༠༨ བར་རྒྱ་ནག་གཞུང་དང་ཐད་ཀར་བཀའ་མོལ་གནང་མཁན་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་གི་འགོ་ཁྲིད་ཀྱི་ཐུགས་འགན་ཡང་བཞེས་ཡོད་པ་རེད། 


གསར་འགོད་པ་དཔལ་ལྡན་རྒྱལ་དང་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎