གཟིགས་ཞིབ་སླད་བོད་ནང་ཕེབས་དགོས་བའི་འབོད་སྐུལ།
2014.03.03

སྲིད་སྐྱོང་མཆོག་གིས་བོད་ནང་གི་གནས་སྟངས་གཟིགས་ཞིབ་སླད་བོད་ནང་ཕེབས་རོགས་ཞེས་ཁཱ་ནཱ་ཊའི་གཞུང་ལ་འབོད་སྐུལ་གནས་འདུག
དེ་ཡང་ཁཱ་ནཱ་ཊའིThe Globe and Mail ཞེས་པས་ཚེས་༢ཉིན་གནས་ཚུལ་སྤེལ་དོན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་ནང་རྒྱ་ནག་གཞུང་གིས་དྲག་པོའི་དམག་དཔུང་ཁྱོན་ཆེ་བཀྲམས་པ་དང་། ཚད་ལས་བརྒལ་བའི་དམ་བསྒྲགས་བྱེད་བཞིན་པའི་གནས་སྟངས་འོག་བོད་མི་རྣམས་བཟོད་བསྲན་མི་ཐུབ་པ་བཟོ་བཞིན་ཡོད་པར་ཁཱ་ནཱ་ཊའི་དབུ་ཁྲིད་ཚོས་བོད་ནང་གི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་གནང་ཐབས་སླད་དུ་བོད་ནང་དངོས་སུ་གཟིགས་ཞིབ་གནང་ཕྱིར་ཕེབས་རོགས་གནང་ཞེས་ཁཱ་ནཱ་ཊའི་ནུབ་ཕྱོགས་Vancouver དང་། Calgaryབཅས་སུ་གཞུང་འབྲེལ་གཟིགས་བསྐོར་གནང་སྐབས་ཁཱ་ནཱ་ཊའི་གཞུང་ལ་འབོད་སྐུལ་བྱས་འདུག
སྲིད་སྐྱོང་མཆོག་གིས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་གཏོང་ཐབས་སླད་། ཁཱ་ནཱ་ཊ་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་ཚོའི་ཐོག་ལ་ཚད་མཐོའི་གནོན་ཤུགས་སྤྲོད་དགོས། ཁཱ་ནཱ་ཊ་གཞུང་གི་ཆོས་དད་རང་དབང་སྐུ་ཚབ་ཀྱང་བོད་ནང་དངོས་སུ་ཕེབས་ཏེ་རྒྱ་ནག་གཞུང་གིས་བཤད་པ་དེ་ཚོར་དཔྱད་ཞིབ་གནང་དགོས་ཀྱི་རེད་ཞེས་ནན་བརྗོད་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་བོད་མི་ཚོའི་ཆོས་དད་རང་དབང་ལོངས་སུ་སྤྱོད་ཕྱོགས་ལ་དམ་དྲག་བཀག་འགོག་བྱེད་ཀྱི་ཡོད་པའི་གནས་སྟངས་ཐད་ཁཱ་ན་ཊའི་མི་མང་ཚོར་བློ་འཚབ་སྐྱེས་བཞིན་ཡོད་པ་དང་། ལྷག་པར་བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེག་གཏོང་བཞིན་པའི་གནས་སྟངས་ཐད་ང་ཚོར་བློ་འཚབ་ཡོད་ཞེས་ཁཱ་ནཱ་ཊའི་ཆོས་དད་རང་དབང་སྐུ་ཚབ་Andrew Bennettཡིས་བསྒྲགས་གཏམ་ཤིག་སྤེལ་བའི་ནང་འཁོད་ཡོད་པ་རེད།
གསར་འགོད་པ་འབེན་པ་སྟོབས་རྒྱལ།