བོད་རྒྱའི་ས་མཚམས་གྲོས་མོལ་མཐའ་མར་སླེབས་ཡོད།
2012.10.02
དེ་ཡང་སྲུང་སྐྱོབ་བློན་ཆེན་མཆོག་གིས་རྒྱལ་ས་ལྡི་ལིར་ཚོགས་པའི་སྲུང་སྐྱོབ་སྡེ་ཚན་གྱི་ལོ་འཁོར་དུས་སྟོན་གྱི་ཟུར་དུ་གསར་འགོད་པར་གསུང་དོན་ལ། རྒྱ་གར་དང་རྒྱ་ནག་དབར་ལ་ས་མཚམས་ཀྱི་རྩོད་གཞིའི་དཀའ་ངལ་སེལ་ཐབས་ལ་ཕྱོགས་གཉིས་དབར་ལ་གྲོས་མོལ་རིམ་པ་བྱས་ཀྱང་ད་དུང་ཡང་གྲུབ་འབྲས་རྩ་བ་ནས་བྱུང་མེད་པ་ཚང་མས་མཁྱེན་གསལ་ལྟར། ད་ཆ་ཕྱོགས་གཉིས་དབར་གྱི་གྲོས་མོལ་རིམ་པ་མཐའ་མ་དེར་སླེབས་ཡོད་པ་གསུང་སྟེ། ཁོང་གིས་ད་བར་དུ་རྒྱ་གར་དང་རྒྱ་ནག་དབར་ལ་ས་མཚམས་ཀྱི་གནད་དོན་ཐོག་ལ་གྲོས་མོལ་གནང་མཁན་དམིགས་བསལ་སྐུ་ཚབ་ཆེད་བཙུགས་བྱས་པ་དང༌། གྲོས་མོལ་ཡང་ཐེངས་༡༥ བྱས་པའི་གནས་ཚུལ་རྣམས་ཞིབ་ཕྲ་གསལ་བཤད་གནང་ཡོད་པ་རེད། འོན་ཀྱང་ཁོང་གིས་རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་བྱ་རྒྱུ་ནི་གལ་གནད་ཆེན་པོར་ངོས་འཛིན་གནང་སྟེ། ད་ལྟ་ཕྱོགས་གཉིས་དབར་ལ་ས་མཚམས་དཀའ་ངལ་སེལ་མ་ཐུབ་པར་དེ་མུར་ལྷག་ཡོད་པ་དང༌། དཀའ་ངལ་དེ་སེལ་ཐབས་བྱ་རྒྱུ་ནི་རྒྱ་གར་གྱི་ས་མཚམས་ཐོག་ལ་ཛ་དྲག་གི་དོན་རྐྱེན་མི་ཡོང་བའི་ཐབས་ལམ་ཞིག་ཀྱང་ཡིན་པ་གསུང་ཡོད་པ་རེད། འདི་ལོའི་འགོ་སྟོད་དུ་རྒྱ་གར་ནང་གི་རང་དབང་ཅན་གྱི་ཚོགས་པ་ཞིག་གིས་ཞིབ་འཇུག་གི་སྙན་ཐོ་ཞིག་བཏོན་པའི་ནང་རྒྱ་ནག་གི་ཕྱོགས་ནས་རྒྱ་གར་གྱི་ས་ཆའི་ཐོག་བཙན་འཛུལ་བྱེད་སྲིད་པའི་ཉེན་བརྡ་བཏང་བ་མ་ཟད། དམིགས་བསལ་རྒྱ་ནག་གི་དམག་མིས་གཞི་རྒྱ་ཆེ་བའི་བཙན་འཛུལ་བྱེད་སྲིད་པའི་ཉེན་བརྡ་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད། སྲུང་སྐྱོབ་བློན་ཆེན་ནས་ཀྱང་རྒྱ་ནག་ཕྱོགས་ནས་ས་ཆའི་བདག་དབང་རྩོད་ལེན་བྱས་ཏེ། དམིགས་བསལ་རྒྱ་གར་གྱི་བདག་དབང་ས་ཆ་Aunachal མངའ་སྡེ་དང་ལ་དྭགས་ཀྱི་ཁུལ་དུ་བཙན་འཛུལ་བྱེད་སྲིད་པའི་ཉེན་ཁ་ཡོད་པར་བརྟེན་རྒྱ་ནག་དང་ས་མཚམས་འཁེལ་ཡུལ་རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་མདུན་བསྐྱོད་པ་རྣམས་ད་ནས་བཟུང་མ་འོངས་པའི་ལོ་འགའ་ཤས་རིང་སྲ་བརྟན་དུ་གནས་རྒྱུ་ཡིན་པ་གསུང་ཡོད་པ་རེད།