གྲོས་མོལ་སླར་གསོ་ཆེད་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་བ།


2014.11.24
རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་སློབ་སྟོན་པ་སྐུ་ཞབས་Ajit Dovalརྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་སྐབས། རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་སློབ་སྟོན་པ་སྐུ་ཞབས་Ajit Dovalརྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་སྐབས།
དྲ་བཤུས

རྒྱ་དཀར་ནག་བར་གྱི་ས་མཚམས་ཀྱི་རྩོད་རྙོག་ཐད་གྲོས་མོལ་སླར་གསོི་ཡོང་བའི་སླད་རྒྱ་གར་གྱིས་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་འདུག
དེ་ཡང་རྒྱ་གར་གཞུང་གིས་རྒྱ་དཀར་ནག་དབར་གྱི་ས་མཚམས་ཀྱི་རྩོད་རྙོག་ཐད་གྲོས་མོལ་སླར་གསོི་ཡོང་བའི་སླད། རྒྱ་གར་གྱི་སྲིད་བློན་མཆོག་གིས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་སློབ་སྟོན་པ་སྐུ་ཞབས་Ajit Dovalདམིགས་བསལ་སྐུ་ཚབ་ཏུ་དེ་རིང་བསྐོ་བཞག་གནང་ཡོད་པ་དང་། སྐུ་ཞབས་Ajit Dovalནི་རྒྱ་གར་གྱི་སྲིད་བློན་Narendra Modiམཆོག་དང་འབྲེལ་བ་ཉེ་པོ་ཅན་དང་། དབང་ཚད་མཐོ་ཞིང་། ནུས་ལྡན་ཅན་གྱི་གཞུང་ཞབས་ཤིག་ཡིན་པ་རེད། ཁོང་གིས་རྒྱ་ནག་གི་རྒྱལ་སྲུང་སློབ་སྟོན་པ་ཡང་ཇི་ཅི་ལྷན་དུ་ས་མཚམས་ཐད་གྲོས་མོལ་བསྐྱར་གསོ་གནང་སྟེ་རྩོད་རྙོག་དེ་ཐག་གཅོད་གནང་ཐབས་གནང་རྒྱུ་ཡིན་པ་རེད།
རྒྱ་གར་དང་རྒྱ་ནག་དབར་གྱི་ས་མཚམས་ཐད་ཀྱི་རྩོད་རྙོག་དེ་བཞིན་ཐག་གཅོད་ཡོང་བའི་ཆེད་དུ། འདས་པའི་ལོ་རབས་ཀྱི་སྔོན་དང་དེ་རྗེས་སུ་རྒྱལ་ཁབ་གཉིས་ཀའི་ཆེས་མཐོའི་དཔོན་རིགས་དབར་གྲོས་མོལ་ཐེངས་༡༧གནང་ཀྱང་གྲུབ་འབྲས་ཐོན་མེད་ཙང་ད་ཆ་སླར་ཡང་གྲོས་མོལ་བསྐྱར་གསོ་བརྒྱུད་ཐག་གཅོད་གནང་རྒྱུའི་ཁས་ལེན་གནང་གི་ཡོད་པ་རེད། རྒྱ་ནག་གི་ངོས་ནས་རྒྱ་གར་ཤར་ཕྱོགས་ཁུལ་གྱི་ས་ཁྱོན་སྤྱི་ལེ་ཁྲི་༩ཙམ་རྒྱ་ནག་ལ་བདག་དབང་ཡོད་ལུགས་གླེང་གི་ཡོད་པ་དང་། རྒྱ་ནག་གིས་བདག་བཟུང་བྱས་པའི་ནུབ་ཕྱོགས་Aksai Chinཞེས་པའི་ས་ཁུལ་གྱི་ས་ཁྱོན་སྤྱི་ལེ་སུམ་ཁྲི་བརྒྱད་སྟོང་ཙམ་རྒྱ་གར་ལ་བདག་དབང་ཡོད་ལུགས་རྒྱ་གར་གྱི་ཕྱོགས་ནས་བརྗོད་ཀྱི་ཡོད་པ་རེད། ད་ལོའི་ཕྱི་ཟླ་༩པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིན་གྱིས་རྒྱ་གར་དུ་གཞུང་འབྲེལ་གཟིགས་བསྐོར་ཐོག་མར་གནང་བར་ཕེབས་པའི་སྐབས། རྒྱ་ནག་མི་མང་བཅིངས་བཀྲོལ་དམག་མིས་ལ་དྭགས་ཁུལ་དུ་སིམ་འཛུལ་བྱས་ཏེ་ཡུལ་གཉིས་དབར་གྱི་དམག་མིའི་དབར་གདོང་ཐུག་ཕྲན་བུ་བྱུང་ཡོད་པ་རེད། གང་ལྟར་ཡང་རྒྱ་གར་གྱི་སྲིད་འཛིན་ལས་ཁུངས་ཀྱིས་དེ་རིང་གཏམ་བཤད་འགྲེམས་སྤེལ་གནང་བའི་ནང་གསལ་ལྟར་ན། རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་སློབ་སྟོན་པ་སྐུ་ཞབས་Ajit Doval གྱིས་རྒྱ་ནག་གི་རྒྱལ་སྲུང་སློབ་སྟོན་པ་ཡང་ཇི་ཅི་ལྷན་དུ་ས་མཚམས་ཐད་གྲོས་མོལ་བསྐྱར་གསོ་གཙོས་པའི་ཡུལ་གཉིས་དབར་གྱི་འབྲེལ་བའི་གནད་དོན་ཐད་འཐབ་ཇུས་ལྡན་པའི་བཀའ་མོལ་གནང་རྒྱུ་ཡིན་པ་རེད།     

གསར་འགོད་པ་འབེན་པ་སྟོབས་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎