རྒྱ་གར་དང་རྒྱ་ནག་བར་ས་མཚམས་དཀའ་རྙོག་སྐོར་གྲོས་མོལ།
2015.03.23

མོ་དྷེ་མཆོག་གིས་རྒྱ་གར་སྲིད་བློན་གྱི་འགན་བཞེས་རྗེས་རྒྱ་གར་ནག་བར་ས་མཚམས་ཀྱི་གྲོས་མོལ་ཐོག་མ་གནང་བཞིན་པ་རེད།
དེ་ཡང་རྒྱ་ནག་གི་དམིགས་བསལ་སྐུ་ཚབ་Yang Jiechiབདུན་ཕྲག་འདིའི་རེས་གཟའ་ཉི་མ་ནས་འགོ་བཙུགས་ཀྱིས་རེས་གཟའ་མིག་དམར་བར་ཉིན་གྲངས་གསུམ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གཞུང་འབྲེལ་འཚམས་འདྲིའི་གཟིགས་སྐོར་གནང་སྟེ་རྒྱ་གར་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་སྐུ་ཞབས་Ajit Dovalདང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད་ཅེས་རྒྱ་གར་གྱི་ཕྱི་སྲིད་ལས་ཁང་ནས་གཞུང་འབྲེལ་གསལ་བསྒྲགས་གནང་ཡོད་པ་རེད། གོང་ཞུས་དཔོན་རིགས་གཉིས་དབར་དེ་རིང་རེས་གཟའ་ཟླ་བ་ཉིན་མཇལ་འཕྲད་གནང་འགོ་ཚུགས་ཏེ་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་གནད་དོན་སྐོར་གྱི་གྲོས་མོལ་ཐེངས་༡༨་པ་དེ་གནང་བཞིན་ཡོད་པ་མ་ཟད། རིང་མིན་ཕྱི་ཟླ་ལྔ་པའི་ནང་རྒྱ་གར་གྱི་སྲིད་བློན་Modi མཆོག་རྒྱ་ནག་ནང་གཞུང་འབྲེལ་འཚམས་འདྲིའི་གཟིགས་སྐོར་ཕེབས་རྒྱུའི་ལས་དོན་དང་འབྲེལ་བའི་སྐོར་བཀའ་གྲོས་གནང་ཡོད་པ་རེད། གྲོས་མོལ་གྱི་བརྒྱུད་རིམ་ནང་རྒྱ་གར་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་སྐུ་ཞབས་Dovalཡིས། ན་ནིང་ཕྱི་ཟླ་བཅུ་པའི་ནང་རྒྱ་གར་གཞུང་གིས་རྒྱ་ནག་དང་ལྷན་དུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་དཀའ་རྙོག་སེལ་ཆེད་གྲོས་མོལ་གནང་རྒྱུའི་འདུན་པ་ཆེན་པོ་ཡོད་ཀྱང་རྒྱ་གར་གྱི་རྒྱལ་ཡོངས་བདེ་འཇགས་དང་། ས་ཆའི་བདག་དབང་ཐད་གྱོང་གུན་འཁྱེར་གྱི་མིན་ཞེས་གསུངས་ཡོད་པ་རེད།
རྒྱ་གར་དང་། རྒྱ་ནག་དབར་གྱི་མཐོ་རིམ་དཔོན་རིགས་དབར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དཀའ་རྙོག་སྐོར་གྲོས་མོལ་གནང་བཞིན་ཡོད་པ་དེ་ནི་Modiམཆོག་གིས་རྒྱ་གར་གྱི་སྲིད་བློན་གྱི་འགན་བཞེས་རྗེས་གོང་ཞུས་ཡུལ་གྲུ་གཉིས་དབར་གྱི་གྲོས་མོལ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།