༧གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་ལ་འཚམས་འདྲི་གནང་བ།
2012.11.07
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་དུ་བསྐྱར་དུ་འོས་འདེམས་བྱུང་བ་ ལས་ཐོག་སྲིད་འཛིན་བོ་རག ཨའོ་བ་མ་མཆོག་ལ་བསྩལ་བའི་འཚམས་དྲིའི་གསུང་འཕྲིན་ནང་ ཕྱི་ལོ་ཉིས་སྟོང་བརྒྱད་ལོར་ སྐུ་ཉིད་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བའི་སྐབས་ རྒྱལ་སྤྱིའི་ནང་དཀའ་ངལ་འཕྲད་བཞིན་པར་འགན་ཁུར་དགོས་པའི་བློ་སྤོབས་བབསྐྲུན་པ་ཙམ་མ་ཟད་ དེ་ནས་བཟུང་ ཨ་རིའི་མི་མང་གིས་ཁྱེད་ལ་ཡིད་ཆེས་བློས་འཁེལ་ཐོག་ནས་རེ་བ་བཅོལ་བ་དེ་དག་བསྒྲུབ་རྒྱུའི་ཆེད་འབད་བརྩོན་ལྷོད་མེད་གནང་ཡདོ་པར་བརྟེན་ མི་མང་རྣམས་ཀྱིས་ཁྱེད་ཀྱིས་དེ་ལྟ་བུའི་འབད་བརྩོན་གནང་བ་དེར་ངོས་འཛིན་གྱིས་ད་རེས་སླར་ཡང་སྲིད་འཛིན་དུ་འོས་འདེམས་ཞུས་པར་ཡིད་ཆེས་གནང་གི་ཡོད་ཅེས་དང་ ཡང་ གསུང་འཕྲིན་ནང་ སྲིད་འཛིན་ཨའོ་བ་མ་ཡིས་ཐོག་མར་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་སྐབས་ ༧གོང་ས་མཆོག་ནས་ཕྱག་བྲིས་འབུལ་གནང་མཛད་པའི་ནང་ འཛམ་གླིང་མི་མང་ཚོས་ཨ་རིའི་དམངས་གཙོའི་ལམ་བཟང་གི་དབུ་ཁྲིད་དང་མང་གཙོའི་འཆར་སྣང་རྒྱུན་གནས་ཐུབ་ཆེད་ ཨ་རིས་སྣེ་ཁྲིད་ཐུབ་པའི་རེ་བ་ཧ་ཅང་བཅོལ་བཞིན་ཡོད་པའི་སྐོར་༧གོང་ས་མཆོག་ནས་གསལ་སྟོན་གནང་ཡོད་པ་ད་ལྟ་ཡང་ཐུགས་དྲན་གསོས་ཀྱི་འདུག་ དེར་བརྟེན་ འཛམ་གླིང་ནང་ཞི་བདེ་དང་ དབུལ་ཞིང་ཕོངས་པ་ དྲང་བདེན་མེད་པ་སོགས་ཀྱི་དཀའ་ངལ་འོག་མི་འབོར་ཐེར་འབུམ་མང་པོ་སྡུག་བསྔལ་ནང་ལྷུང་བཞིན་པ་རྣམས་ཀྱི་དཀའ་ངལ་ལ་དགོངས་པ་བཞེས་ནས་་ དཀའ་ངལ་དེ་དག་སེལ་རྒྱུ་ནི་ད་ལྟའི་དུས་སྐབས་ཀྱི་གནད་དོན་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ སྲིད་འཛིན་མཆོག་གིས་མཁྱེན་གསལ་ལྟར་ ངོས་ཀྱིས་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་བོད་མི་ཚོས་འོས་འདེམས་བྱས་པའི་དབུ་འཁྲིད་ལ་གནང་ཟིན་པ་དང་ ཡིན་ན་ཡང་ བོད་མི་ས་ཡ་དྲུག་གི་ཆ་ཤས་ཤིག་ཡིན་སྟབས་ སྲིད་འཛིན་མཆོག་ནས་བོད་ཀྱི་དཀའ་གནད་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་སེལ་རྒྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་མ་ཟད་ དབུ་མའི་ལམ་གྱི་ཐབས་ལམ་དེ་ནི་རྒྱ་བོད་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་ཡིན་པར་ཡིད་ཆེས་གནང་གི་ཡོད་་མ་འོངས་ཡང་ཨ་རི་གཞུང་གིས་བོད་ཀྱི་གནད་དོན་སེལ་ཐབས་སུ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་འཁོད་གནང་ཡོད་པ་དང་འབྲེལ་ ༧གོང་ས་མཆོག་ནས་སྐུ་ཉིད་ད་ལྟ་ཉི་ཧོང་ནང་ཆིབས་སྒྱུར་བསྐྱངས་བཞིན་པ་དང་ སྲིད་འཛིན་ཨའོ་བ་མ་ཡིས་མ་འོངས་ལོ་བཞིའི་ནང་ལས་དོན་གང་སྤྱིའི་ཐད་བྱ་བ་ལམ་ལྷོང་ཡོང་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་གནང་འདུག
འཛམ་གླིང་ཡུལ་ཁག་གི་དཔོན་རིགས་རྣམ་པ་ཚོས་ ཨ་རིའི་སྲིད་འཛིན་བོ་རག ཨའོ་བ་མ་མཆོག་བསྐྱར་དུ་སྲིད་འཛིན་ལ་འོས་འདེམས་བྱུང་བར་འཚམས་དྲིའི་བཀྲིས་བདེ་ལེགས་ཞུས་པ་དང་འབྲེལ་ མ་འོངས་ཨ་རི་དང་མཉམ་ལས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་དང་ བདེ་འཇགས་སྲུང་སྐྱོབ་སོགས་ཀྱི་ཐོག་གདོང་ལེན་བྱ་རྒྱུའི་ལས་དོན་མཉམ་ལས་གནང་རྒྱུའི་འདོད་ཚུལ་བཏོན་གནང་ཡོད་པ་རེད་ སྲིད་འཛིན་ཨའོ་བ་མ་བསྐྱར་དུ་ཨ་རིའི་སྲིད་འཛིན་ལ་འོས་འདེམས་བྱུང་བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ཨིན་ཇི་དང་ རྒྱ་ནག ཕ་རན་སི་ ར་ཤི་ཡ་ གཙོས་པའི་ཨི་སེ་རལ་དང་ ཁན་ཡ་སོགས་ཡུལ་གྲུ་ཁག་གི་དཔོན་རིགས་རྣམ་པ་ཚོས་ སྲིད་འཛིན་མཆོག་བསྐྱར་དུ་འོས་འདེམས་བྱུང་བར་འཚམས་འཕྲིན་ཕུལ་ཡོད་ཅིང་ ར་ཤི་ཡའི་སྲིད་འཛིན Vladimir Putin མཆོག་གིས་སྲིད་འཛིན་ཨའོ་བ་མ་མཆོག་སྲིད་འཛིན་དུ་བསྐྱར་དུ་འོས་འདེམས་བྱུང་བར་འཚམས་འཕྲིན་ཕུལ་བའི་ནང་ ཨ་རི་དང་ར་ཤི་ཡའི་དབར་གྱི་འབྲེལ་ལམ་ཙམ་མ་ཟད་ འཛམ་གླིང་སྤྱིའི་ནང་གི་གནད་དོན་ཁག་ལ་གདོང་ལེན་བྱ་ཕྱོགས་དང་ ལྷག་པར་དུ་རྒྱལ་སྤྱིའི་བདེ་འཇགས་སྲུང་སྐྱོབ་ལས་དོན་སོགས་ཀྱི་ཐོག་མཉམ་ལས་གནང་རྒྱུའི་ཐོག་ཡིད་ཆེས་ཡོང་བའི་རེ་བ་བྱེད་བཞིན་ཡོད་ཅེས་འཁོད་ཡོད་པ་དང་ རྒྱ་ནག་གི་སྲིད་འཛིན་ཝུའུ་ཇིང་ཐའོ་ཡིས་ ཨ་རིའི་སྲིད་འཛིན་མཆོག་བསྐྱར་དུ་སྲིད་འཛིན་ལ་འོས་འདེམས་བྱུང་བར་འཚམས་འཕྲིན་ཕུལ་བའི་ནང་ འདས་པའི་ལོ་ངོ་བཞིའི་རིང་ རྒྱ་ནག་དང་ཨ་རིའི་དབར་རྩོད་གླེང་ཡོད་པའི་ཚོང་དོན་དང་ དེ་བཞིན་རྒྱ་ནག་དང་རྩོད་གླེང་ཡོད་པའི་མངའ་ཁུལ་གྱི་གནད་དོན་ཐོག་ཨ་རིས་ཐེ་བྱུས་བྱེད་ཡས་སོགས་ཀྱི་གནད་དོན་ཐོག་ཕན་ཚུན་འབྲེལ་ལམ་བཟང་ཕྱོགས་སུ་བསྐྱོད་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་ རྒྱ་ནག་གཞུང་གིས་མ་འོངས་ཨ་རི་དང་རྒྱ་ནག་དབར་འཐབ་གྲོགས་ཀྱི་འབྲེལ་ལམ་ཐོག་འཕེལ་རྒྱས་འགྲོ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད་ དེ་བཞིན་དབྱིན་ཇིའི་སྲིད་བློན་མཆོག་ནས་འདས་པའི་ལོ་ངོ་བཞིའི་རིང་ ཨ་རི་དང་ཨིན་ཇིའི་དབར་གནད་དོན་མང་པོའི་ཐོག་མཉམ་ལས་གནང་ནས་གྲུབ་འབྲས་བཟང་པོ་ཐོན་ཡོད་པ་དང་ མ་འོངས་ཡང་དབྱིན་ཇི་གཞུང་གིས་མུ་མཐུད་ནས་སི་རི་ཡའི་གནད་དོན་དང་ དེ་བཞིན་ཚོང་འབྲེལ་ རྒྱལ་སྤྱིའི་དཔལ་འབྱོར་སོགས་ཀྱི་གནད་དོན་ཐོག་ཨ་རི་གཞུང་དང་མཉམ་ལས་གནང་རྒྱུའི་གྲ་སྒྲིག་ཡོད་པ་སོགས་ཨ་རིའི་སྲདི་འཛིན་ཨའོ་བ་མ་མཆོག་བསྐྱར་དུ་སྲིད་འཛིན་ལ་འོས་འདེམས་བྱུང་བར་འཚམས་འཕྲིན་ཕུལ་བའི་ནང་འཁོད་ཡོད་འདུག