༧གོང་ས་མཆོག་ལྡི་ལི་ནས་ཉི་ཧོང་ལ་ཆིབས་བསྒྱུར།
2013.11.12
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལིར་གསུངས་བཤད་གནང་རྒྱུ་དང་། དེ་ནས་ཉི་ཧོང་ནང་མཛད་འཆར་ཁག་ཅིག་བསྐྱངས་གནང་གི་ཡོིད་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་གི་གནས་ཚུལ་ལྟར་ན། ཕྱི་ཟླ་༡༡་ཚེས་༡༣་ཉིན་རྒྱལ་ས་ལྡི་ལིར་ཡོད་པའི་བོད་ཁང་དང་། Indira Gandhi སྒྱུ་རྩལ་གློག་བརྙན་ལྟེ་གནས་ཁང་གཉིས་ནས་གོ་སྒྲིག་གནང་བའི་འོག་བོད་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་ཤ་ཡའི་ནང་དཔལ་ནཱ་ལེན་དྲའི་ནང་པའི་ཆོས་བརྒྱུད་ཅེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་རྒྱུ་ཡིན་པ་དང་། དེ་ནས་རིམ་བཞིན་ཉི་ཧོང་ལ་ཆིབས་བསྒྱུར་གནང་ནས་ཚེས་༡༧་ཉིན་ཚན་རིག་པ་ཁག་ཅིག་དང་མཉམ་ཤེས་ཡོན་དང་མི་ཚེ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་རྒྱུ། ཚེས་༢༡་ཉིན་ཤི་ཛུ་ཀ་ཁུལ་དུས་རབས་ཉེར་གཅིག་པའི་ནང་ཞི་བདེའི་ཁོར་ཡུག་སྐྲུན་ཐབས་ཀྱི་བརྗོད་གཞིའི་ཐོག་མང་ཚོགས་ལ་གསུངས་བཤད་གནང་རྒྱུ་དང་། ཚེས་ཉེར་སུམ་ཉིན་ཀྱུ་ཏོ་གཙུག་ལག་སློབ་གཉེར་ཁང་དུ་སྒྱུ་རྩལ་དང་རིག་གཞུང་གི་དོན་གནད་སྐོར་ལ་གསུངས་བཤད་གནང་རྒྱུ་བཅས་ཀྱི་མཛད་འཆར་ཁག་བསྐྱངས་གནང་གི་ཡོད་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།