རྒྱ་རིཊ་སློབ་ཕྲུག་དང་མཇལ་འཕྲད།
2013.10.10

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཨེ་མོ་རེ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་བོད་རིགས་དང་། རྒྱ་རིགས་སློབ་ཕྲུག་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་གྲོང་ཁྱེར་ཨེདྲ་ལན་དྲའི་ནང་རྟེན་གཞི་བྱེད་པའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་མཛད་འཕྲིན་བསྐྱངས་གནང་བཞིན་ཡོད་པ་དང་། ཁ་ས་ཚེས་དགུ་ཉིན་གྱི་སྔ་དྲོའི་མཛད་རིམ་ནང་། གཙུག་ལག་སློབ་གཉེར་ཁང་དེའི་ནང་གི་རྒྱ་རིགས་དང་བོད་རིགས་སློབ་མ་ལྔ་བཅུ་ལྷག་ཙམ་ཞིག་དང་མཇལ་འཕྲད་གནང་ཡོད་འདུག སྐབས་དེར་རྒྱ་རིགས་སློབ་མ་ཞིག་གིས་ད་རེས་བོད་རྒྱ་གཉིས་ཀྱི་སློབ་ཕྲུག་ཚོའི་དབར་ཕན་ཚུན་ངོ་ཤེས་དང་གླེང་མོལ་བྱེད་རྒྱུའི་གོ་སྐབས་འདི་ནི་སློབ་ཕྲུག་ནང་ཁུལ་དཀའ་རྙོག་འདུམ་འགྲིག་གི་ཐབས་ལམ་ཧ་ཅང་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཞུས་ཡོད་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོས་གོ་སྐབས་ནམ་བྱུང་ལ་དཀའ་རྙོག་སེལ་ཐབས་དང་ཡར་རྒྱས་གཏོང་ཐབས་ཀྱི་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་སྨོས་མེད་ཐོག་གནས་སྟངས་ཛ་དྲག་པོ་ག་འདྲ་ཞིག་ལ་གདོང་ལེན་བྱེད་དགོས་ཆགས་ཀྱང་དེ་དག་འཚེ་བ་མེད་པ་ཞིག་བྱེད་དགོས་རྒྱུའང་དེ་བས་གལ་ཆེ་བ་ཡིན་ལུགས་བཀའ་སློབ་བསྩལ་གནང་ཡོད་འདུག དེ་དང་ཕྱོགས་མཚུངས་༧གོང་ས་མཆོག་ནས་དེ་སྔ་རྒྱ་ནག་གི་འགོ་འཁྲིད་མའོ་ཙེ་ཏུང་དང་གཞན་ཡང་དཔོན་རིགས་ཁག་མཇལ་འཕྲད་སྐབས་ཀྱི་ཐུགས་མྱོང་ཚོར་དང་དེ་བཞིན་ཕྱི་ལོ་ ༡༩༨༠ བཅུའི་ནང་འགོ་འཁྲིད་ཧུ་ཡའོ་པང་གི་སྐབས་སུ་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་རེ་བ་བྱུང་ཚུལ་སོགས་ལུང་འདྲེན་གནང་ཡོད་པ་བཅས་ཀྱི་བརྒྱུད་རིམ་ནས་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་གནང་གི་ཡོད་པའི་སྐོར་གསལ་བཤད་གནང་ཡོད་འདུག