བོད་མི་ཡོངས་རྫོགས་ལ་ཁ་ཕྱོགས་བརྟན་པའི་མཐུན་སྒྲིལ་ཡོད་དགོས།


2014.03.27
བཙོན་འོག་ནས་མནར་གཅོད་བཏང་རྐྱེན་སྐུ་གྲོངས་བའི་སྒོ་ཤུལ་བློ་བཟང་ལགས་ཀྱི་ཉེ་བའི་པར། ༢༠༡༤ བཙོན་འོག་ནས་མནར་གཅོད་བཏང་རྐྱེན་སྐུ་གྲོངས་བའི་སྒོ་ཤུལ་བློ་བཟང་ལགས་ཀྱི་ཉེ་བའི་པར། ༢༠༡༤
བོད་འབྱོར། ཀླུ་འབུམ།

ཉེ་ཆར་སྐུ་གྲོངས་བའི་སྒོ་ཤུལ་བློ་བཟང་ལགས་ཀྱིས་བཙོན་ཁང་མནར་གཅོད་འོག་ནས་བྲིས་བའི་ཡིག་གེ་ཞིག་ཕྱི་ལ་འབྱོར་འདུག
ཟླ་བ་འདིའི་ཚེས་༡༩ཉིན་རང་ཁྱིམ་ནས་འདས་གྲོངས་སུ་ཕེབས་པའི་སྒོ་ཤུལ་བློ་བཟང་ལགས་ཀྱིས་ཕྱི་ལོ་༢༠༡༢ཕྱི་ཟླ་༩པའི་ཚེས་༢༨ཉིན་ཀན་སུའུ་ཞིང་ཆེན་ཏེན་ཤེན་གྲོང་ཁྱེར་བཙོན་ཁང་ནང་མནར་གཅོད་འོག་བྲིས་པའི་ཞལ་ཆེམས་ཡི་གེ་ཞིག་ཉེ་ཆར་ཕྱི་ཕྱོགས་སུ་འབྱོར་ཡོད་པ་དང་། ཁ་བྱང་ལ་འགྱོད་སེམས་མེད་པའི་ཁྲིམས་པ་ཞེས་པའི་ཞལ་ཆེམས་ཡི་གེ་དེའི་ནང་། ང་ལ་ཁྱིམ་ཚང་ཡོད་ལ་ཕ་མ་མིང་སྲིང་དང་ཆུང་མ་བུ་རྒྱུད་ཀྱང་ཡོད། དེ་དག་དང་འབྲེལ་བའི་བཅོས་མིན་གྱི་བརྩེ་དུང་ཡོད་ལ་བརྩེ་དུང་དེའི་ཆེད་དུ་ཚེ་སྲོག་གཏོང་ཕོད་པའི་ཆོད་སེམས་ཀྱང་ཡོད། འོན་ཀྱང་རང་མི་རིགས་ཀྱི་ཆེད་དུ་བརྩེ་དུང་དེ་དག་ཤོར་ཀྱང་འགྱོད་པ་མེད། ང་ནི་རང་མི་རིགས་ལ་དགའ་བའི་འབྲོག་པ་གླེན་པ་ཞིག་ཡིན་པས་རང་མི་རིགས་ཀྱི་ཆེད་དུ་ཅི་ཞིག་ཀྱང་བསྒྲུབ་ན་འདོད། ཁོག་གདུག་བསྲིངས་པའི་མནར་གཅོད་ཀྱི་འོག་ནས་ཚ་གཟེར་གྱིས་སྐམ་རིད་དུ་གྱུར་བའི་ལུས་པོ་འདི་འདི་ལྟར་ཤོར་སྲིད་ཀྱང་འགྱོད་སེམས་མེད། མེ་ཕུང་གི་ཀློང་ནས་ཡོད་ཚད་ལ་འགྲེལ་བཤད་རྒྱག་ཐུབ་པའི་དཔའ་རྒོད་ཚོའི་རྗེས་སུ་ཞུགས་འདོད་ཀྱང་སྙིང་སྟོབས་ཀྱིས་མ་འདང་། ཡིན་ཡང་དྲང་བདེན་མ་ཡིན་པའི་གནས་སྟངས་དང་རང་དབང་དང་འདྲ་མཉམ་ཟེར་བ་གླེང་ས་མེད་པའི་ཁོར་ཡུག་འདིར་མགོ་སྒུར་མ་འདོད་པར་གནས་བབ་འདི་འདྲར་ལྷུང་བའི་འབྲོག་གླེན་ང་ལ་གྱོད་སེམས་གང་ཡང་མེད། ངས་མཐོང་འདོད་པ་རང་དབང་གི་འཇིག་རྟེན་ན་འཆམ་མཐུན་གྱི་འཚོ་བར་སྤྱོད་པའི་མི་རིགས་དེ་ཡིན་པ་ལས་ མུན་ནག་གི་ཁོར་ཡུག་ན་མནར་གཅོད་ཀྱི་ཚོར་བ་རྒུམ་པའི་སྤྱི་ཚོགས་དེ་མ་ཡིན་ཞེས་དང་། ད་དུང་སྒོ་ཤུལ་བློ་བཟང་ལགས་དམ་པ་ཁོང་གིས་ཞལ་ཆེམས་ཡི་གེའི་མཇུག་ཏུ་བོད་མི་ཡོངས་རྫོགས་ལ་ཁ་ཕྱོགས་བརྟན་པའི་མཐུན་སྒྲིལ་ཡོད་དགོས། ཚང་མས་མཐུན་སྒྲིལ་བྱོས། མཐུན་སྒྲིལ་ཁྲི་ལོར་ཤོག་སོགས་བྲིས་གནང་ཡོད་འདུག  
སྒོ་ཤུལ་བློ་བཟང་ལགས་རྒྱ་ནག་གིས་བཙོན་ཁང་ནང་གཅར་རྡུང་མནར་གཅོད་བཏང་སྟེ་སྲོག་ཉེན་ཡོད་པའི་གནས་སུ་བསྐྱལ་རྗེས་བཙོན་བཀྲོལ་བཏང་བ་དང་། ཟླ་འདི་ཚེས་༡༩ཉིན་སྐུ་གྲོངས་འདུག ཁོ་ནི་དེ་སྔོན་༢༠༠༨ ལོའི་རྨ་ཆུ་དབལ་པན་ཡུལ་ཚོའི་བོད་མི་ཚོའི་ཞི་བའི་ངོ་རྒོལ་ལས་འགུལ་གྱི་སྣེ་འཁྲིད་པ་ཡིན་པའི་ཉེས་མིང་འོག་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཕྱི་ལོ་༢༠༡༠ ལོའི་ཟླ་༥ བར་འཛིན་བཟུང་བྱས་པ་རེད།
སྒོ་ཤུལ་བློ་བཟང་ལགས་ནི་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་པཎ་ཡུལ་ཚོའི་མི་དང་། ད་ལྟ་དགུང་ལོ་༤༣ཙམ་ཡིན་པར་ཁོང་གི་བཟའ་ཟླ་ཏཱ་རེ་དང་ཁོང་གཉིས་བུ་གཅིག་དང་བུ་མོ་གཅིག་ཡོད་པ་རེད་འདུག་ལ་ཁོང་དེ་སྔོན་སྤྱི་ལོ་༡༩༩༢་ལོར་རྒྱ་གར་དུ་ཡོང་ནས་ སུ་ཇ་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱས་མྱོང་ཡོད་པ་རེད་འདུག
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎