བོད་ནང་འབྲོག་པ་གནས་སྤོར་བྱེད་པའི་སྲིད་ཇུས་ལ་སྐྱོན་བརྗོད།
2012.06.14
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་དོན་ཚོགས་ཆུང་ཁྲོད་བོད་ཀྱི་གནད་དོན་མང་པོ་ཞིག་གི་ཐོག་གླེང་སློང་བྱུང་ཡོད་པ་དང་། མཐའ་མའི་བགྲོ་གླེང་སྐབས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཆེས་མཐོའི་སྐུ་ཚབ་ལྕམ་ཨེཤ་ཀྲོན་མཆོག་གིས། རྒྱ་ནག་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་སྲིད་བྱུས་འོག་བོད་ཀྱི་འབྲོག་པ་ཚོ་ས་གནས་གཞན་དུ་གནས་སྤོས་བྱེད་བཞིན་པ་དེ་ནི་གནའ་བོའི་སྐབས་ནས་ཡོད་བཞིན་པའི་བོད་མིའི་རིག་གཞུང་དང་གོམས་སྲོལ། འཚོ་བ་སྐྱེལ་སྟངས་ལ་དོ་ཕོག་ཆེན་པོ་འགྲོ་གི་ཡོད་པར་ང་ཚོ་སེམས་འཚབ་ཆེན་པོ་ཡོད་ཅེས་གསུངས་འདུག
ཡང་ཁོང་གིས་མུ་མཐུད་ནས། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་གཞན་ནང་བཞིན་བོད་ཀྱི་སློབ་གྲྭ་ཁག་གི་ནང་རྒྱ་ཡིག་སློབ་ཚན་གཙོ་བོར་བསྒྱུར་རྒྱུའི་སྲིད་བྱུས་ལ་ཡང་སྐྱོན་བརྗོད་གནང་ཡོད་པ་མ་ཟད། བོད་ནང་ཉེ་ཆར་ནས་བཟུང་བོད་མི་ཤེས་ཡོན་པ་དང་། སྒྱུ་རྩལ་བ་སོགས་ལ་དོ་དམ་བྱས་ནས་མི་ཉུང་བ་འཛིན་བཟུང་བྱས་བ། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་ཁག་ལ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་རྒྱུར་བཀག་འགོག་བྱེད་བཞིན་པའི་གནས་སྟངས་ལ་ཐུགས་འཚབ་ཡོད་ལུགས་གསུངས་འདུག ད་དུང་ཁོང་གིས། རྒྱ་ནག་གཞུང་ལ་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་སོགས་ལ་རྩིས་མཐོང་བྱེད་དགོས་པ་དང་། བོད་རྒྱའི་བར་གྱི་གྲོས་མོལ་བསྐྱར་གསོ་དགོས་པའི་འབོད་སྐུལ་ཡང་གནང་ཡོད་འདུག