འབར་མ་གཞུང་གིས་བཙོན་པ་༤༦་གློད་གྲོལ་བཏང་བ།
2012.07.03
གཟའ་མིག་དམར་ཉིན་འབར་མའི་གཞུང་གིས་ བཙོན་པ་ ༤༦ ཙམ་གློད་གྲོལ་བཏང་པའི་ཁོངས་སུ་ ཕྱི་ལོ་ ༡༩༩༨ ལོའི་འབར་མའི་དྲག་པོའི་གཞུང་ལ་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་སྤེལ་མཁན་སྲིད་དོན་བཙོན་པ་ ༢༠ ཙམ་ཡང་གློད་གྲོལ་བཏང་ཡོད་པ་གཞུང་འབྲེལ་བརྒྱུད་ལམ་གྱི་ཐོག་གནས་ཚུལ་བཀོད་སྤེལ་བྱས་ཡོད་ཅིང༌།
༨༨ ལོ་རབས་ཀྱི་སློབ་ཕྲུག་ཚོགས་པ་ཟེར་བ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེས་ཀྱང་ ཁོང་ཚོར་ཡང་གནས་ཚུལ་དེ་མཚུངས་འབྱོར་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད།
གཟའ་མིག་དམར་ཉིན་འབར་མའི་གཞུང་འབྲེལ་དབྱིན་ཇིའི་གསར་ཤོག་ The New Light ཞེས་པའི་ནང་གནས་ཚུལ་སྤེལ་བར་གཞིགས་ན་ རྒྱལ་ཁབ་ཀྱི་ནང་བརྟན་ལྷིངས་དང་ ཞི་བདེ་ ནང་གི་མཛའ་མཐུན་གོང་འཕེལ་གཏོང་ཐབས་དང་ མི་རྣམས་ཆབ་སྲིད་ཀྱི་ལས་དོན་བརྒྱུད་རིམ་ནང་ཆ་ཤས་བླངས་ཐུབ་པ་ཡོང་རྒྱུ་བཅས་ཀྱི་ཆེད་དམིགས་ཏེ་གཟའ་མིག་དམར་ཉིན་སྐྱེས་པ་བཙོན་པ་ ༣༧ དང་ བེུད་ཀྱི་བཙོན་པ་དགུ་གློད་གྲོལ་བཏང་ཡོད་པ་བརྗོད་ཡོད་པ་རེད།
འདི་ནི་འབར་མའི་མང་གཙོའི་དབུ་འཁྲིད་ལྕམ་ ཨང་སང་སུ་ཅི་མཆོག་གིས་ འབར་་མའི་གཞུང་ཕྱོགས་ནས་བཙོན་གྲོལ་གྱི་ལས་དོན་ནུས་པ་ཆེ་ཙམ་སྤེལ་དགོས་པའི་རེ་འདུན་ཞིག་བཏོན་པའི་དུས་ཚོད་ཐུང་ངུ་ཞིག་ནང་བྱུང་བ་ཞིག་ཡིན་པ་རེད།