དྲག་གནོན་གྱིས་བོད་མིའི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་མེད།
2012.11.05
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ཁུལ་དུ་ཉིན་བཅུའི་མཛད་འཕྲིན་བསྐྱངས་བཞིན་ཡིན་པ་དང་། དེ་རིང་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མའི་ཚོགས་ཁང་དུ་མང་ཚོགས་ལ་བཀའ་སློབ་རྩལ་བའི་ནང་རྒྱ་ནག་གཞུང་གིས་བོད་མིའི་དངོས་ཡོད་དཀའ་ངལ་ལ་བསམ་ཤེས་ཐོག་ནས་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་བྱུས་ལག་བསྟར་བྱེད་དགོས་པ་མ་གཏོགས། དེ་ལས་ལྡོག་སྟེ་དངོས་ཡོད་གནས་ཚུལ་དང་མ་འཚམ་པའི་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེས་བོད་མིའི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་གང་ཡང་མེད་པ་དང་། བོད་མི་རྣམས་ཀྱིས་ ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་པ་ནས་བཟུང་དཀའ་སྡུག་ཧ་ཅང་མྱངས་ཡོད། ལྷག་པར་ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཇེ་ཤུགས་ཆེ་རུ་བཏང་སྟེ་བོད་མི་རྣམས་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད། ལར་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་དྲག་ཇི་ཙམ་ཆེ་རུ་བཏང་བ་དེ་ཙམ་ཀྱིས་བོད་མི་རྣམས་ཀྱིས་རང་སྐྱོང་གི་གནས་བབ་རྩོད་རྒྱུའི་ཆོད་སེམས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་རྒྱ་ནག་གི་དཔོན་རིགས་ཚོར་བརྡ་ལན་གསལ་པོ་སྤྲད་ཡོད་ཅེས་བཀའ་སློབ་སྩལ་གནང་འདུག
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་རྒྱ་ནག་གི་དབུ་ཁྲིད་ཀྱིས་དཔལ་འབྱོར་བཅོས་བསྒྱུར་བཏང་སྟེ་རྒྱ་ནག་མི་མང་ལ་ཕན་ཐོག་ཡོང་བཞིན་པ་ལྟར་། མ་འོངས་རྒྱ་ནག་གི་དབུ་ཁྲིད་ཞི་ཅི་པིང་གིས་ཀྱང་ཆབ་སྲིད་ཀྱི་བཅོས་བསྒྱུར་ཕྲན་བུ་གཏོང་དགོས་རྒྱུ་ལས་གཞན་འདེམས་ཀ་མེད་གང་ཡང་མེད་པ་རེད་། བཙན་དབང་གི་ཐོག་ནས་འཆམ་མཐུན་སྤྱི་ཚོགས་ཤིག་བཟོ་ཐབས་མེད་པ་རེད་། བཙན་དབང་བྱས་ན་དེས་དོགས་པ་དང་། ཞེད་སྣང་ཡོང་གི་རེད་། དེ་ནི་འཆམ་མཐུན་གྱི་འགལ་ཟླ་རེད་ཅེས་གསུང་འདུག དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ལ་འཕོ་བསྒྱུར་འགྲོ་བ་དེས་བཟང་ཕྱོགས་ཀྱི་བསྒྱུར་བ་ཞིག་དགོས་ཀྱི་རེད་ཅེས་བཀའ་གནང་བཞག།
༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཉི་ཧོང་ནང་ཉིན་གྲངས་བཅུའི་རིང་གི་ཆིབས་བསྒྱུར་བསྐྱངས་བཞིན་ཡོད་པའི་སྐབས་དེར། གཟའ་ཉི་མའི་ཉིན་ ཉི་ཧོང་གི་གྲོང་ཁྱེར་Yokohamaའི་ནང་ཉི་ཧོང་དང་ཀོ་རི་ཡའི་མི་མང༌། དེ་བཞིན་ཨ་རི་དང་ཡུ་རོཔ་ཁུལ་ནས་ཆེད་བཅར་ཞུས་པའི་དད་ལྡན་མང་ཚོགས་༦༥༠༠ཙམ་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཁྲིད་སྩལ་གནང་མཛད་འདུག།
གོང་ཞུས་བཀའ་ཁྲིད་མ་གནང་གོང་ ༧གོང་ས་མཆོག་གིས་ཐེ་ཝན་ནས་བཅར་བའི་ བོད་བརྒྱུང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་མི་༣༡ལ་མཇལ་ཁ་གནང་ཡོད་པ་དང༌། དེ་བཞིན་གྲོང་ཁྱེར་Yokohama ནང་གི་རྒྱལ་སྤྱིའི་གསོལ་མགྲོན་ཁང་དུ་ཕྱི་འབྲེལ་དཔོན་རིགས་དང་གནད་ཡོད་མི་སྣ་ཁག་གི་གསོལ་སྟོན་ཞིག་གི་ཐོག་ ཉིན་གུང་ལྗགས་སྨིན་ལྷན་བཞེས་གནང་ཡོད་པ་རེད།
དེ་ནས་ཉིན་རྒྱབ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྐྱེལ་ཐབས་སུ་སེམས་བརྒྱུད་བཟང་པོ་བྱེད་དགོས་པའི་བརྗོད་གཞིའི་སྐོར་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་ཡོད་ཅིང༌།ཚོགས་ཁང་ཡོངས་སུ་ཁེངས་པའི་མང་ཚོགས་ཚོར་༧གོང་ས་མཆོག་གིས་ རང་གཞན་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སེམས་ཞི་བདེ་བག་ཕེབས་ངང་གནས་ཐུབ་པའི་ནུས་པ་ང་ཚོ་ཚང་མར་ཡོད་སྟབས། དེ་དག་འགྲུབ་ཐབས་སུ་ཕན་ཚུན་དབར་འབྲེལ་བ་བཟང་པོ་བྱེད་དགོས་རྒྱུ་དང༌། ཚང་མ་བདེ་པོ་དང་སྐྱིད་པོའི་ངང་འཚོ་བ་བསྐྱེལ་ཐུབ་པ་བྱ་རྒྱུ་དེ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡིན་སྟབས་། འགྲོ་བ་མི་ཕན་ཚུན་དབར་དབྱེ་བ་དང་འགོག་རྐྱེན་མེད་པའི་སྒོ་ནས་ཚང་མར་ཐོབ་ཐང་གཅིག་མཚུངས་དགོས་ཀྱི་རེད་ཅེས་བཀའ་གནང་བཞག།
དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གནང་དོན། དེང་སང་འགྲོ་བ་མིའི་རིགས་ལ་འཕྲད་བཞིན་པའི་དཀའ་ངལ་དེ་ཚོ་མི་རང་ཉིད་ཀྱིས་བཟོས་པ་ཞིག་ཡིན་པ་དང༌། འཛམ་གླིང་ནང་གི་མི་འབོར་ཐེར་འབུམ་བདུན་ནང་ནས་དཀའ་ངལ་འདོད་མཁན་མི་གཅིག་ཀྱང་མེད་སྟབས། མིའི་རིགས་ཀྱིས་དངུལ་གྱི་འདོད་རྔམ་དང༌། རྒྱུ་དངོས་ལ་ཆག་སེམས་མེད་པ་བྱས་ནས། ནང་སེམས་ཀྱི་བདེ་སྐྱིད་གོང་འཕེལ་གཏོང་དགོས། མིའི་འཚོ་བའི་ནང་དངུལ་དང་དབང་ཆ། འཕྲུལ་རིགས་སོགས་དགོས་ཀྱི་ཡོད་ནའང༌། རྒྱུ་དངོས་
ཕོན་ཆེ་བདག་དབང་བྱེད་ཡག་དེ་མཐར་ཐུག་གི་བདེ་སྐྱིད་འཚོལ་བའི་ལམ་
མ་རེད་ཅེས་བཀའ་གནང་འདུག།
གོང་ཞུས་བཀའ་སློབ་སྩལ་གྲུབ་པའི་རྗེས་སུ་མང་ཚོགས་ཁྲོད་ནས་༧གོང་ས་མཆོག་ལ་བཀའ་འདྲི་དགོངས་བསྐོར་ཞུ་རྒྱུའི་དུས་ཚོད་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་དང༌། བཀའ་འདྲི་ཞུ་མཁན་ཕལ་མོ་ཆེས་༧གོང་ས་མཆོག་ལ་སེམས་བརྒྱུད་ལ་སྙིང་རྗེ་བསྐྱེས་སྟངས་དང་། མི་སོ་སོའི་ཉིན་རེའི་འཚོ་བའི་ནང་སེམས་ལ་འགྱུར་བ་ཇི་འདྲ་གཏོང་དགོས་མིན་སྐོར་དགོངས་བསྐོར་ཞུས་ཡོད་ལུགས་ བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཉི་ཧོང་སྐུ་ཚབ་དོན་གཅོད་ལྷག་པ་འཚོ་གོ་ལགས་ཀྱིས་འགྲེལ་བརྗོད་གནང་འདུག