ལུགས་སྲོལ་དེ་ངོས་ཀྱིས་མཇུག་བསྒྲིལ་ཡོད།


2013.11.22
ཉི་ཧོང་གི་གསར་འགོད་པ་གྲགས་ཅན་ལྕམ་Yoshiko Sakuraiཡིས༧གོང་ས་མཆོག་ལ་བཀའ་འདྲི་གནང་བཞིན་པ། ཉི་ཧོང་གི་གསར་འགོད་པ་གྲགས་ཅན་ལྕམ་Yoshiko Sakuraiཡིས༧གོང་ས་མཆོག་ལ་བཀའ་འདྲི་གནང་བཞིན་པ།
པར། སྐུ་སྒེར་དྲ་བ།

༧གོང་ས་མཆོག་གིས་ཏཱ་ལའི་བླ་མས་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་རྒྱུའི་ལུགས་སྲོལ་དེ་ངོས་ཀྱིས་མཇུག་བསྒྲིལ་ཡོད་ཅེས་ཉི་ཧོང་དུ་གསུངས་འདུག

དེ་ཡང་ཕྱི་ཚེས་༢༡་ཉིན་གསར་འགོད་པ་གྲགས་ཅན་ལྕམ་Yoshiko Sakurai ཡིས༧གོང་ས་མཆོག་ལ་ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་སྐབས་ཀྱི་སྐུའི་མྱོང་ཚོར་བཀའ་འདྲི་ཞུས་པའི་བཀའ་ལན་དུ།  ངོས་རང་མང་གཙོ་གོང་འཕེལ་གཏོང་མཁན་ཞིག་ཡིན་པ་དང་།  དེར་བརྟེན་ཏཱ་ལའི་བླ་མས་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་རྒྱུའི་ལུགས་སྲོལ་དེ་ངོས་ཀྱིས་མཇུག་བསྒྲིལ་ཡོད། གྲོས་ཚོགས་འཐུས་མི་རྣམས་མཇལ་རྒྱུ་བྱུང་བར་ངོས་ལ་དགའ་སྤོབས་བྱུང་།  ཁོང་རྣམ་པ་ནི་མི་མང་གི་སྐུ་ཚབ་མཚོན་བཞིན་ཡོད་པ་དང་། མི་མང་གིས་ཡིད་ཆེས་བློས་འགེལ་བྱ་ཡུལ་ཞིག་ཀྱང་ཆགས་ཡོད་ཅེས་བཀའ་སྩལ་གནང་ཡོད་པ་རེད།

ཡང་གསར་འགོད་པས་ ༧གོང་ས་མཆོག་ནས་གྲོས་ཚོགས་འཐུས་མི་རྣམས་པར་བཀའ་སློབ་བསྩལ་བའི་སྙིང་དོན་བཀའ་འདྲི་ཞུས་པར་། ༧གོང་ས་མཆོག་གིས་མིས་བྱ་བ་བཟང་ངན་ཇི་འདྲ་ཞིག་བྱས་ཀྱང་། གཙོ་བོ་ཀུན་སློང་ལ་རག་ལུས་པ་དང་།  ཆོས་ཀྱིས་མི་མང་ལ་བཤུ་གཞོག་བཏང་བ་ཡིན་ན་ཆོས་དེ་ཡང་བཙོག་པ་ཆགས་རྒྱུ་དང་།  ཆབ་སྲིད་ཀྱི་བསམ་བློ་དེ་བྱམས་པ་དང་། བརྩེ་བ། གུས་བརྩིར་གཞི་བཅོལ་ཐུབ་པ་ཡིན་ན། ཆབ་སྲིད་གཙང་མ་ཞིག་ཡོང་རྒྱུར་སོང་།  གཞན་ཕན་རླབས་ཆེན་པོ་སྒྲུབ་ཐུབ་པ་དང་།   དེ་ལྟར་མིན་པར་ ཆབ་སྲིད་པ་རྣམས་ཀྱིས་གལ་ཏེ་རང་དོན་ཁོག་བཅུག་གིས་ལས་ཀ་བྱས་ཚེ་མི་མང་མགོ་སྐོར་བཏང་བ་ཞིག་ཆགས་རྒྱུ་མ་ཟད ཆབ་སྲིད་དེ་ཡང་བཙོག་པ་ཆགས་ཀྱི་རེད་ཅེས་བཀའ་ལན་གནང་འདུག

དེ་བཞིན་ཕྱི་ཚེས་༢༡ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་Shizuoka གྲོང་ཁྱེར་དུ་རྒྱུན་རིང་ནས་བོད་དོན་ཐོག་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན། ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་སྐུ་ཞབས་སི་ཤུ་མ་ཀི་ནོ་མཆོག་གིས་དབུས་པའི་མི་དམངས་ཆིག་སྟོང་ལྷག་ལ་ཞི་བདེའི་དུས་རབས་ཤིག་ཏུ་སྐྲུན་ཐབས་སྐོར་བཀའ་སློབ་བསྩལ་གནང་ཡོད་པ་དང་། ཚེས་༢༢ཉིན་༧གོང་ས་མཆོག་དབུ་བཞུགས་ཐོག་ཆོས་ལུགས་རེས་མེད་ཀྱི་དབུ་ཁྲིད་ལྷན་འཛོམས་ཀྱིས་ཉི་ཧོང་གི་སྐད་གྲགས་ལྡན་པའི་རྩ་ཆེའི་གནས་རིར་ངོས་འཛིན་ཞུ་ཡུལ་Fuji རི་བོ་ཕྱོགས་སུ་ཞལ་གཟིགས་ཏེ་འཛམ་གླིང་ཡོངས་ལ་ཞི་བདེ་ཡོང་བའི་སྨོན་ལམ་གསུང་འདོན་མཛད་ཡོད་པ་རེད།

གསར་འགོད་པ་བློ་བཟང་ཡེ་ཤེས་དང་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎