༧གོང་ས་མཆོག་ཆེས་མཐོའི་ལྷན་ཚོགས་སུ་ཆིབས་བསྒྱུར།
2013.10.22
༧གོང་ས་མཆོག་སྤྱི་ཚེས་༢༡ཉིན་པོ་ལེནཌའི་རྒྱལ་ས་ཝར་སོ་རུ་ཚུགས་བཞིན་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ཆེས་མཐོའི་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་གཟའ་འཁོར་གསུམ་རིང་ཨ་མི་རི་ཀ་དང་མེཀ་སི་ཀོ་བཅས་ཀྱི་ཆིབས་བསྒྱུར་མཛད་འཆར་ཁག་ལེགས་པར་འགྲུབ་ནས་སྤྱི་ཚེས་༢༡ཉིན་ཉིན་པོ་ལེནཌའི་རྒྱལ་ས་ཝར་སོ་རུ་ཚུགས་བཞིན་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ཆེས་མཐོའི་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་དང་། ལྷན་ཚོགས་དེ་ལོ་ལྟར་པོ་ལེནཌའི་སྲིད་འཛིན་ཟུར་པ་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མཁན་ Lea Walesa ཡི་ཐེབས་རྩ་ཁང་ནས་འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་གོ་སྒྲིག་ཞུ་བཞིན་ཡོད་པར། དེ་སྔོན་ཡང་༧གོང་ས་མཆོག་ལྷན་ཚོགས་དེའི་ཐོག་ཆིབས་བསྒྱུར་ཞབས་སོར་འཁོད་ཡོད་པ་རེད།
གཟའ་ཟླ་བའི་ཉིན་སྐུ་ཞབས་ལཱི་ཝ་ལེ་སི་མཆོག་གིས་འཇིག་རྟེན་ཀུན་གྱི་རིན་ཐང་གི་གཞི་རྩར་འགྱུར་བའི་ཆོས་ལུགས་དང་མ་འབྲེལ་བའི་བླང་དོར་གྱི་ལམ་ཞིག་གཏན་འབེབས་དང་། འཕེལ་རྒྱས་གཏོང་བའི་དུས་སུ་སླེབས་ཡོད་པ་གསུངས་འདུག ད་དུང་ཁོང་གིས་ང་ཚོས་འབྱུང་འགྱུར་འཛམ་གླིང་གི་བདེ་ཐབས་སླད་ཆོས་ལུགས་ཚང་མས་ཐོུང་གི་རིན་ཐང་དུ་ངོས་འཛིན་ཞུ་བའི་ཆོས་ལུགས་དང་མ་འབྲེལ་བའི་བླང་དོར་གྱི་གནས་བཅུ་ལྟ་བུ་ཞིག་ལ་ང་ཚོ་ཚང་མས་མོས་མཐུན་ཞུ་ཐུབ་པ་དགོས་ཀྱི་འདུག་ཅེས་གསུངས་ཡོད་འདུག