འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེ་གཟེངས་རྟཊ་ཉིན་མོ།
2012.12.10
དེ་ཡང་བཞུགས་སྒར་དུ་ཚེས་༡༠་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་རྣམ་པ་དང། སྲིད་ཚབ་མཆོག་གིས་གཙོས་བཀའ་བློན་རྣམ་པ། སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། རྒྱ་གར་དང་བོད་རིགས་གསར་འགོད་པ། དེ་བཞིན་བོད་མི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་གསུམ་སྟོང་བརྒལ་བ་ཚང་འཛོམས་ཀྱིས་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་ཀྱི་རྒྱལ་གླུ་འབུལ་བཞིན་མཛད་སྒོ་དབུ་འཛུགས་གནང་བཞག། དེ་རྗེས་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་གནང་འདུག
མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ལས་བྱེད་བགྲེས་ཡོལ་ཐོན་པ་བཞི་དང་། འཕྲོད་བསྟེན་ལས་ཁུངས་ནས་ བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་ཞབས་ལོ་ ༢༥ འཁོར་བའི་ལས་བྱེད་ཁག་གཅིག་ལ་ སྲིད་ཚབ་མཆོག་གིས་ལེགས་མཚོན་བྱ་དགའ་གནང་བཞག། དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་ཚོགས་གཙོ་མཆོག་གིས་རྒྱལ་སྤྱིའི་ཆ་འཕྲིན་གསར་ཁང་ནས་ THE TIBET POST ཞེས་པའི་དབྱིན་ཡིག་ཚགས་པར་འདོན་སྤེལ་ཞུ་རྒྱུའི་ཚགས་པར་དབུ་འབྱེད་གནང་འདུག་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པས་ཕྱི་ལོ་ ༢༠༡༢ ལོར་གསར་འདོན་ཞུས་པའི་འོད་སྡེར་ཁག་གཅིག་དབུ་འབྱེད་གནང་ཡོད། ཡང་སྲིད་ཚབ་མཆོག་གིས་ཕྱི་དྲིལ་ལས་ཁུངས་ཀྱིས་ཕྱོགས་སྒྲིག་པར་བསྐྲུན་ཞུས་པའི་འབར་བཞིན་པའི་བོད་ཅེས་པའི་དཔེ་དེབ་དུ་འབྱེད་གནང་གྲུབ་རྗེས་བཀའ་ཤག་དང་། སྤྱི་འཐུས། ཧིན་བོད་མཛའ་འབྲེལ་ཚོགས་པ་བཅས་ཀྱིས་གསུང་བཤད་གནང་ཡོད།
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་བསྒྲིལ་གནང་བ་དང་སྦྲགས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་འཛམ་གླིང་འདིའི་གླིང་ཆེན་ལྔའི་རྒྱལ་ཁབ་༣༠ལྷག་ནང་སྐོར་བསྐྱོད་གནང་ཡོད་པ་དང་། འདས་པའི་ཟླ་བ་ལྔའི་དུས་ཡུན་ནང་བོད་དོན་ཆེད་ས་རྟགས་སུམ་འབུམ་ཉིས་ཁྲི་ཆིག་སྟོང་ལྷག་ཙམ་བསྡུ་རུབ་ཞུས་ཡོད་པ་དང་། མཚན་རྟགས་འགོད་མཁན་ཁོངས་སུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་། གྲོས་ཚོགས་འཐུས་མི་ མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། འཐུས་མི། གྲོང་ཁྱེར་སྤྱི་ཁྱབ་། ཤེས་ཡོན་མི་སྣ་ གསར་འགོད་པ་སྤྱི་ཚོགས་ཞབས་ཞུ་བ་སློབ་ཕྲུག་མི་མང་དཀྱུས་མ་སོགས་ཡོད་འདུག ཡང་དྲ་རྒྱ་བརྒྱུད་ནས་ས་རྟགས་སུམ་ཁྲི་ལྷག་ཙམ་བཅས་ཁྱོན་འཛམ་གླིང་རྒྱལ་ཁབ་༩༠ལྷག་ནས་མཚན་རྟགས་བསྡོམས་སུམ་འབུམ་ལྔ་ཁྲི་ཆིག་སྟོང་ལྷག་བྱུང་ཡོད་པ་རྣམས་ དེབ་གྲངས་༡༡༧ནང་ཕྱོགས་སྒྲིག་གིས་ དེ་རིང་ཚེས་༡༠ཉིན་ ནིའུ་ཡོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་དང་། ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ལྷན་ཚོགས། དེ་བཞིན་རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཡན་ལག་ལས་ཁུངས་སོ་སོར་ཕུལ་ཏེ་ལས་འགུལ་མཇུག་བསྡོམས་ཞུ་རྒྱུ་ཡིན་པ་རེད།
རྒྱ་གར་ལྷོ་ཕྱོགས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་པ། སྐུ་མགྲོན་གཙོ་བོ་Karnataka མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ V.S Patil མཆོག་དང་། VHPཚོགས་གཙོ་ཟུར་པ་ Ashok Singhal དགའ་ལྡན་ཁྲི་རིན་པོ་ཆེ་མཆོག།ཤར་བྱང་ཆོས་རྗེ་རྣམ་གཉིས། ཆོས་སྡེ་ཁག་གི་མཁན་པོ་ལས་ཟུར་རྣམ་པ། མཚོ་སྣ་རིན་པོ་ཆེ་། ཀུན་བདེ་གླིང་རིན་པོ་ཆེ། ཏེ་ལོ་རིན་པོ་ཆེ་དང༌། ལ་དྭགས་བླ་མ་ཆོས་འཕེལ་བཟོད་པ་ལགས། ས་གནས་ Karwarརྗོང་གི་རྗོང་དཔོན་དང་། ཉེན་རྟོག་སྤྱི་ཁྱབ་འགོ་འཛིན་གི་དབུས་པའི་རྒྱུན་དུ་བོད་མིའི་གཞིས་ལས་དང་འབྲེལ་ཡོད་ཡུལ་མིའི་ལས་ཁུངས་དང་གྲོང་སྡེ་ཁག་གི་འགོ་དཔོན་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི་དང་སེར་སྐྱ་མི་མང་སློབ་ཕྲུག་བཅས་མི་གྲངས་སྟོང་ཚོ་མང་པོ་ལྷན་འཛོམས་ཐོག་༸གོང་ས་མཆོག་བདེ་ཡངས་༸རྒྱལ་བའི་ཕོ་བྲང་ནས་གདན་ཞུས་ཀྱིས་མཛད་སྒོ་གཟབ་རྒྱས་གནང་འདུག