༧གོང་ས་མཆོག་གི་སྐུ་པར་གཏན་འགོག་བཙན་བཀའ་བརྡ་ཁྱབ།
2012.11.13
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བརྡ་ཁྱབ་འདྲ་བཤུས་དང་བཅས་གནས་ཚུལ་འབྱོར་དོན། ཉེ་བའི་ནང་མདོ་སྨད་རེབ་གོང་ཕྱོགས་སུ་བུད་མེད་ན་གཞོན་རྟ་མགྲིན་མཚོ་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་སྲོག་དོར་བའི་གནས་ཚུལ་བྱུང་རྗེས་ས་ཁུལ་དེའི་དགོན་སྡེ་ཁག་ལ་རྟོག་ཞིབ་བྱེད་མཁན་གྱི་ལས་དོན་རུ་ཁག་གིས་དགོན་པའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་ཚགས་དང་སྒྲིགས་གཤོམ་མ་ཆོག་པའི་བཙན་བཀའ་བསྐྱར་ནན་བྱེད་བཞིན་གཏན་འགོག་བརྡ་ཁྱབ་བཏང་ཡོད་པ་རེད།
བརྡ་ཁྱབ་ནང་འཁོད་དོན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲོད་ནམ་རྒྱུན་སྲུང་སྐྱོབ་བྱ་རྒྱུ་དང། ཁུལ་རྫོང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལྟར་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་དགོས། ནན་ཏན་སྒོས་སློབ་སྦྱོང་དང་རྒྱུན་འཁྱོངས་ངང་འབྲེལ་ཡོད་ཀྱི་ཆོས་ལུགས་ཤེས་བྱ་ནན་ཏན་མཐའ་འཁྱོད་བྱེད་དགོས། མེས་རྒྱལ་གཅིག་འགྱུར་ཡོང་བར་སྲུང་སྐྱོང་དང། ཏཱ་ལའི་ཚོགས་པའི་ཁ་བྲལ་སིམ་འཛུལ་ལ་ངོ་རྒོལ་བྱ་དགོས། དགོན་པའི་ནང་དུ་ཏཱ་ལའི་འདྲ་པར་འཇོག་པར་གཏན་འགོག་བྱ་རྒྱུ་དང། ཁྲིམས་ལྟར་དགོན་པའི་བྱ་བའི་བདག་གཉེར་ཤུགས་སྣོན་བྱ་དགོས་ཅེས་དང། ལོ་ཚོད་མ་རན་པའི་བྱིས་པ་རབ་བྱུང་སྒྲུབ་པར་གཏན་འགོག་བྱ་རྒྱུ་ཅེས་འཁོད་འདུག།
དེ་འབྲེལ་ཉེ་ཆར་བོད་མི་མང་པོ་རེབ་གོང་སྒྲོ་རོང་བོ་སྡེ་བར་རྟ་མགྲིན་འཚོའི་ཁྱིམ་དུ་མྱ་ངན་ཞུ་བར་སོང་སྐབས། རྟ་མགྲིན་འཚོའི་ཨ་ཕས་དེར་འདུས་བོད་མི་ཚོར་སེམས་ཚོར་ཆེན་པོས་བརྗོད་དོན། ངའི་བུ་མོ་ད་ལོ་མོ་ལོ་ ༢༣ ཡིན། མིང་ལ་རྟ་མགྲིན་འཚོ་ཟེར། བུ་གཅིག་ཡོད་པའི་མིང་ལ་སྙིང་བྱམས་ཚེ་རིང་ཟེར་ཞིང་ད་ལོ་ལོ་ ༧ ཡིན། ཁོ་མོ་ནི་གཞན་དང་མི་འདྲ་བར་ནམ་རྒྱུན་བོད་དོན་ལ་དོ་སྣང་དང་སེམས་འཁུར་བྱེད་མཁན་ཞིག་ཡིན། ཁོ་མོའི་རང་ལུས་མཆོད་མེ་རུ་ཕུལ་བ་ནི་བོད་སྤྱིའི་དོན་དུ་ཡིན་པ་ལས་ཁྱིམ་ཚང་བཟའ་ཚང་མ་འགྲིག་པའམ་རྒྱུ་རྐྱེན་གཞན་གང་ཡང་མིན། ཟླ་གཅིག་མ་ཟིན་ཙམ་གྱི་སྔོན་ལ་ངེད་ཕ་བུ་གཉིས་འཕྲུལ་རྟར་ཞོན་ཏེ་མདོ་བ་ཞང་ཐོག་ལ་སོང་། ཏག་ཏག་ཉིན་དེར་རེབ་གོང་རྫོང་ཨུའི་ཧྲུའུ་ཅུ་(དམར་ཤོག་དྲུང་ཆེ)གསར་བ་ཅཱང་ཧྲུའུ་ཁྲིན་ཟེར་བ་དེ་མདོ་བ་ཞང་ཐོག་ལ་ཡོང་སྟེ། ༸རྒྱལ་བ་རིན་པོ་ཆེའི་སྐུ་པར་ཚོང་ཁང་དུ་བཙོང་མི་ཆོག་པ་དང་ཁྱིམ་ཚང་དུ་ཉར་མི་ཆོག་པའི་སྲིད་ཇུས་ངན་པ་ལག་བསྟར་བྱས་པ་དང་། ཞང་སྲིད་གཞུང་གི་སྒོ་ཁར་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་ཟེར་བ་སོགས་ཀྱི་སྦྱར་ཡིག་སྦྱར་འདུག ད་དུང་སྲང་ལམ་ཀུན་ཏུ་མི་རྣམས་ཁྲོམ་སྐོར་བྱས་ཏེ་ཁ་གཡང་སྒྲོག་བཞིན་འདུག སྐབས་དེར་ཁོ་མོའི་གདོང་ལ་སྐྱོ་བའི་ཉམས་ཤར་བཞིན་ང་ལ་ཡང་དང་བསྐྱར་དུ། ཨ་ཕ། འུ་ཚོ་བོད་ཀྱིས་ཅིག་དཀའ་གི་རེ། ༸རྒྱལ་བ་རིན་པོ་ཆེའི་སྐུ་པར་ཡང་བཤམས་མི་ཆོག་ན་ངོ་མའི་རང་དབང་ཞིག་མེད་གི་ཟེར། དེའི་དགོང་མོར་ནང་ལ་ཡོང་ནས་ཁོ་མོས་ཡང་དང་བསྐྱར་དུ་དེ་ལྟར་བཤད་སོང་། དེ་ནས་བཟུང་ཁོ་མོའི་དཀར་ཟས་ལ་བརྟེན་པ་དང་སྨྱུང་གནས་ཀྱང་མང་པོ་སྲུང་སོང་། ང་རང་ཨ་ཕ་ཞིག་ཡིན་པའི་ངོས་ནས་ཁོ་མོའི་ལུས་ཕུང་བདེ་ཐང་ལ་སེམས་ཁུར་བྱས་ཏེ། ཁོ་མོར་ཡང་དང་བསྐྱར་དུ་ཤ་བཟའ་དགོས་པར་བསྐུལ་ཡང་ཁོ་མོས་དམར་ཟས་ཟོས་མ་སོང་།
ཉིན་འགའི་སྔོན་ལ་མོས་ཐེངས་ཁ་ཤས་སུ་བདག་ལ། ཨ་ཕ་ང་རང་རེབ་གོང་རོང་བོར་གཅིག་འགྲོ་དགོས་ཟེར་ཡང་། ངས་མོ་ལ་དགུན་ཁ་ཐོན་དུས་འདིར་ཁྱིམ་གྱི་ལས་ཀ་བྲེལ་འཚུབ་ཆེ་བས་མ་འགྲོ་ཟེར་ནས་དང་ལེན་མ་བྱས། ཁ་སང་ཁེ་ཉིན་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་ཁྱིམ་དུ་ཁོ་མོའི་མིང་པོ་དང་མོ་གཉིས་ཡོད་མོད། མིང་པོའི་ནོར་རི་མགོར་དེད་ཤུལ་དུ་ཁོ་མོས་ཁང་པའི་ནང་གད་བདར་བྱས་པ་དང་། མཆོད་ཁང་ནང་༸རྒྱལ་བ་རིན་པོ་ཆེའི་སྐུ་པར་མདུན་མཆོད་པ་བཤམས་པར་མ་ཟད། བསྔོ་སྨོན་སྐྱབས་འཇུག་ཡང་ཤུགས་དྲག་བྱས་ཡོད་པ་འདྲ། ཕྱིའི་རྭ་སྐོར་དུ་ཡོད་པའི་འཕྲུལ་རྟའི་སྣུམ་སྒམ་ལས་རྡོ་སྣུམ་བླངས་ཏེ་སྒོའི་ཕྱི་རོལ་དུ་མེར་བསྲེགས་ཀྱིས་རང་ལུས་མཆོད་མེ་རུ་ཕུལ་འདུག
ཕ་རྟ་མགྲིན་སྐྱབས་ཀྱིས་མུ་མཐུད་དུ། ་མོ་ངའི་ཁྱིམ་གྱི་གཅེས་མ་གཅིག་པུ་ཡིན། མོ་རང་སྐྱེས་ནས་ད་ལྟའི་བར་ངས་ཐལ་ལྕག་གཅིག་ཀྱང་གཞུས་མ་མྱོང་། མག་པ་ཐེངས་རེ་གཉིས་བཞག་ཀྱང་མོའི་འདོད་བློ་ལྟར་བྱེད་པ་ལས་ངས་ཐེ་གཏོགས་གཅིག་ཀྱང་བྱེད་མ་མྱོང་། དེའི་ཕྱིར་མོ་རང་ང་དང་འདི་ལྟར་གློ་བུར་ཁ་བྲལ་བ་ནི་ང་ལ་མཚོན་ན་ཡ་ཆུང་ཁོག་ནས་སྙིང་ཕྱུངས་པ་དང་ཁྱད་མི་འདུག་མོད། ཡིན་ནའང་། མོ་རང་གི་ལམ་ཁ་འདི་འདྲ་ཞིག་བདམས་པ་འདི་ནི། བོད་མི་སྤྱིའི་དོན་དང་༸རྒྱལ་བ་པཎ་ཆེན་གཉིས་ཀ་གདན་སར་མྱུར་ཏུ་འབྱོན་རྒྱུའི་དོན་དུ་ཡིན་ཕྱིར། ངས་ཀྱང་བསམ་བློ་མང་པོ་གཏོང་གིན་མེད་པར། མོའི་བྱ་བའི་མགོ་མཇུག་བར་གསུམ་ཀུན་ལ་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད་ཅེས་དང་།
མཐར་མཇུག ཁྱེད་རྣམ་པས་ཀྱང་མོ་རང་གི་སྨོན་ལམ་ཇི་ལྟ་བ་བཞིན་འགྲུབ་རྒྱུར་འབད་བརྩོན་དང་སྐྱབས་འཇུག་ཞུ་རྒྱུ་དང་། དེར་མ་ཟད་ངའི་བུ་མོ་འདི་མ་འོངས་པར་ཆོས་སྲིད་རང་དབང་གཙང་མའི་སྐལ་བ་བཟང་པོར་ལོངས་སྤྱོད་པའི་གངས་ཅན་བོད་ཡུལ་དུ་དལ་འབྱོར་གྱི་རྟེན་བཟང་རིན་པོ་ཆེ་བླངས་ཏེ། ༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་གསུང་མཇལ་བའི་བསྔོ་སྨོན་སྐྱབས་འཇུག་རྣམ་པར་དག་པ་གནང་རྒྱུ་མཁྱེན།” ཞེས་རེ་སྐུལ་ཀྱང་གནང་ཡོད་འདུག