རྒྱ་ནག་གིས་རང་སྲེག་ངོ་རྒོལ་འཐབ་རྩོད་ཡིག་ཆ་སྤེལ་བ།
2013.01.08
དེ་ཡང་རྒྱ་ནག་གིས་བོད་ནང་གླེང་ཕྱོགས་དྲིལ་བསྒྲགས་ལས་དོན་ཚོགས་ཆུང་ཅེས་བ་ཆེད་འཛུགས་བྱས་ནས། ཆེད་དམིགས་ཀྱིས་རང་བསྲེགས་དོན་རྐྱེན་ལ་ངོ་རྒོལ་འཐབ་རྩོད་བྱེད་པའི་དྲིལ་བསྒྲགས་ནང་ཁུལ་ཡིག་ཆ་ཞེས་བ་ཞིག་བོད་དོན་ཆེད་རང་ལུས་མེ་བསྲེགས་གཏོང་མཁན་མང་ཤོས་འབྱུང་སའི་བོད་ཤར་ཕྱོགས་རྔ་བ་དང་། རེབ་གོང་། ཀན་ལྷོ་སོགས་གཙོ་བྱས་ཏེ་བོད་ཀྱི་དགོན་པ་དང་། སྡེ་བ་སོ་སོའི་ནང་རྒྱ་གཞུང་གིས་མི་སྣ་རྩ་འཛུགས་ཀྱིས་ཡིག་ཐོག་དང་ཚགས་པར་སོགས་ཀྱི་ཐོག་དེང་སང་གསར་དུ་གང་སར་བཀྲམས་བཞིན་པ་དང་། དེ་ནི་ཟླ་སྔོན་མའི་ནང་རྒྱ་གཞུང་གིས་བོད་ནང་གི་རང་ལུས་མེར་བསྲེགས་ཐད་ཁྲིམས་དང་། སྒྲིག་གཞི་སྣ་ཚོགས་བཟོས་ཏེ། མེར་བསྲེགས་གཏོང་མཁན་གྱི་ནང་མི་དང་གྲོང་པ། ངོ་ཤེས་གྲོགས་པོ་བཅས་ནི་བསམ་བཞིན་དུ་མི་གསོད་ཉེས་ཅན་ཡིན་པའི་ཉེས་བཙུགས་ཁྲིམས་གཞི་ཐག་གཅོད་བྱས་ཡོད་པའི་ཐོག། ཕྱི་ཟླ་ ༡༢ པའི་ཚེས་ ༡༡ ཉིན་༼མི་མང་ཉིན་རེའི་ཚགས་པར༽དང་། ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་༼ཀན་ལྷོའི་ཉིན་རེའི་ཚགས་པར།༽སོགས་ཀྱི་སྟེང་། བོད་ནང་གི་རང་ལུས་མེར་བསྲེགས་དང་ཟིང་ཆ་རིགས་བོད་ཕྱི་ལོགས་ཀྱི་ཏཱ་ལའི་ཚོགས་པས་ངན་སྐུལ་དང་། རྩ་འཛུགས་བྱས་བ་ཡིན་པ། དེ་བཞིན་ཕྱི་རྒྱལ་གྱི་བརྒྱུད་ལམ་རེ་ཟུང་དང་གཏམ་འཁྱར་འདྲ་མིན་ལུང་འདྲེན་གྱིས་༧གོང་ས་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་སོགས་ལ་སྐྱོན་བརྗོད་དང་ཉེས་འཛུགས་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ཡོད་འདུག
ད་དུང་བོད་ནང་གི་ས་གནས་བླ་མ་དང་། དགེ་བཤེས་སོགས་བེད་སྤྱོད་བྱས་ནས་མང་ཚོགས་ལ་སློབ་གསོ་རྒྱག་སྐབས་རང་སྲེག་དང་། མི་གཞན་པ་རང་བསྲེགས་བྱེད་པར་སྐུལ་བ་སོགས་ནི་ནང་བསྟན་ཆོས་ལུགས་དང་འགལ་བ་ཡིན་ཚུལ་དང་། དེ་ནི་ཕྱི་ནས་ངན་སྐུལ་དང་། བསླུ་སྲིད། བཙན་དྲག་གིས་རང་ལུས་མེ་བསྲེགས་བྱེད་དུ་འཇུག་བཞིན་པ་སོགས་བཤད་བཞིན་པ་རེད་འདུག