རྒྱ་ནག་གིས་ངོས་ལེན་བྱས་མི་འདུག
2013.10.15
དེ་ཡང་Spain གྱི་ཡུལ་མིའི་ཆབ་འབངས་ཡིན་པའི་བོད་མི་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་Spain ཁྲིམས་ཁང་དུ་རྒྱ་ནག་གི་སྲིད་འཛིན་ཟུར་པ་Hu Jintao གྱིས་བོད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་ཁྲིམས་འགལ་གྱི་ནག་ཉེས་བསག་ཡོད་པའི་ཁྲིམས་བཏུགས་བྱས་པར་ཁྲིམས་ཁང་ནས་གྱོད་གཞིར་གསན་ཞིབ་གནང་རྒྱུའི་ཐག་གཅོད་བྱུང་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་ངོས་ལེན་བྱས་མེད་པ་རེས་གཟའ་ཟླ་བའི་ཉིན་པེ་ཅིང་དུ་ཚོགས་པའི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Hua Chunying གྱིས། རྒྱ་ནག་གི་ཕྱོགས་ནས་མི་སྒེར་པ་གང་ཞིག་དང་རྒྱལ་ཁབ་བྱེ་བྲག་པ་གང་ཞིག་གིས་གནད་དོན་དེ་ཁ་ལ་འཁྱེར་ཏེ་རྒྱ་ནག་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་དང། Span ཁྲིམས་ཁང་དུ་ཁྲིམས་བཏུགས་བྱེད་མཁན་བོད་མི་དེ་ཚོས་ཁྲིམས་བཏུགས་བྱས་པའི་དོན་རྐྱེན་དེ་ནི་རྒྱ་ནག་དང་Span གྱི་མཛའ་གྲོགས་ཀྱི་འབྲེལ་ལམ་ལ་གནོད་འཚེ་བཟོ་ཐབས་བྱེད་པ་རེད་ཅེས་བཤད་ཡོད་པ་རེད།
ཟླ་བ་འདིའི་ཚེས༤ཉིན་སི་པིན་རྒྱལ་ཁབ་ཀྱི་ཡུལ་མིའི་ཆབ་འབངས་ཡིན་པའི་བོད་རིགས་དགེ་འདུན་ཐུབ་བསྟན་དབང་ཆེན་ལགས་ཀྱིས། ཉེ་སྔོན་ནས་སྔ་རྗེས་སུ་རྒྱ་ནག་གི་དཔོན་རིགས་ཚོས་བོད་ནང་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་སོགས་ཁྲིམས་མཐུན་མིན་པའི་དྲག་གནོན་སྡུག་རྩུབ་གྱི་བྱ་སྤྱོད་རིམ་པ་ལག་བསྟར་བྱས་བ་དང་། དེ་བཞིན་ད་ཕན་བོད་མི་༡༢༡་ཙམ་གྱིེས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་དེ་ཚོ་ཡོང་རྐྱེན་ནི་རྒྱ་ནག་གི་དཔོན་རིགས་དེ་ཚོའི་ཁྲིམས་འགལ་གྱི་བྱ་སྤྱོད་ལས་བྱུང་བ་དང་། དེའི་འོས་འགན་ཚང་མ་རྒྱ་ནག་གི་སྲིད་འཛིན་དང་དཔོན་རིགས་ཚོར་ཡོད་པ་སི་པིན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་ཁྲིམས་ཁང་ལ་ཁྲིམས་གཏུགས་རིམ་པར་རྒྱབ་ཡོད་པ་དང་། ཟླ་བ་འདིའི་ཚེས༤ཉིན་སི་པན་རྒྱལ་ཡོངས་ཁྲིམས་ཁང་གིས་ཁྲིམས་གཏུགས་གྱོད་གཞི་དེར་ཉན་ཞིབ་བྱེད་རྒྱུའི་མོས་མཐུན་གནང་ཡོད་པ་རེད།