ཁྲིམས་རྩོད་པ་སོགས་རྒྱ་མི་ཁག་གཅིག་ལ་ཁྲིམས་བཤེར།
2014.01.21
ཁྲིམས་རྩོད་པ་སོགས་རྒྱ་མི་ཁག་གཅིག་ལ་རྒྱ་ནག་གཞུང་གིས་རེས་གཟའ་ལྷག་པའི་ཉིན་ཁྲིམས་བཤེར་བྱ་རྒྱུ་ཡིན་འདུག
དེ་ཡང་རྒྱ་ནག་གི་སྲིད་འཛིན་Xi Jinping གིས་ན་ནིང་ཕྱི་ཟླ་གསུམ་པའི་ནང་སྲིད་དབང་བཟུང་སྐབས། ལྐོག་ཟ་རུལ་སུང་གི་བྱ་སྤྱོད་ནི་གུང་ཁྲན་ཏང་འཚོ་གནས་ཐད་ཀྱི་འགོག་རྐྱེན་ཆེན་པོ་ཞིག་ཡིན་ལུགས་ཉེན་བརྡ་བཏང་སྟེ། གུང་ཁྲན་ཏང་གི་དཔོན་རིགས་ནང་ལྐོག་ཟ་རུལ་སུང་གི་བྱ་སྤྱོད་ལ་རྡུང་རྡེག་གཏོང་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། དོན་དངོས་ཐོག་རྒྱ་ནག་གཞུང་གི་ལྐོག་ཟ་རུལ་སུང་ལ་ཁ་གཏད་གདོང་ལེན་བྱེད་མཁན་གུང་ཁྲན་ཚོགས་པའི་ཁོངས་གཏོགས་མ་ཡིན་པར་རྒྱ་མི་རིགས་སྒེར་དང་མི་དམངས་ཀྱི་ཚོགས་སྡེ་གང་རུང་ཞིག་ལ་དོགས་ཟོན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གི་ཁྲིམས་རྩོད་པ་གྲགས་ཅན་Xu Zhiyong ནི་མི་རབས་གསར་པའི་ལས་འགུལ་ཞེས་པའི་ཐོག་ནས་ཟླ་རེ་དགོང་ཟས་བཏང་བ་དང་མཉམ་དུ་མི་དམངས་འདུ་སྐོང་བྱས་ཏེ་རྒྱ་ནག་གི་རྩ་ཁྲིམས་སྐོར་ལ་གོ་བསྡུར་གནང་མཁན་ཞིག་ཡིན་པ་མ་ཟད། ཁོང་གིས་རྒྱ་མི་རིགས་ཀྱི་དམངས་ཁྲོད་དུ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་ག་རེ་ཡོད་པའི་ངོ་སྤྲོད་དང་། རྒྱ་ནག་གི་ཁྲིམས་ལུགས་ནང་ཁོང་ཚོར་ཐོབ་ཐང་ཇི་ཡོད་ཤེས་སུ་བཅུག་ཏེ་ཁྲིམས་ལུགས་ཀྱི་ཐོག་ནས་རྒྱ་ནག་གི་སྤྱི་ཚོགས་འགྱུར་ལྡོག་གཏོང་རྒྱུ་དང་། དེ་ཡང་དྲང་བདེན་དང་། མི་དམངས་ལ་དབང་བའི་སྤྱི་ཚོགས་ཤིག་ཏུ་བསྒྱུར་བཅོས་གཏོང་རྒྱུའི་འབད་བརྩོན་གནང་མཁན་ཞིག་ཡིན། འོན་ཀྱང་རྒྱ་ནག་གཞུང་གིས་ཁོང་ནི་མི་དམངས་འདུ་འཛོམས་བྱ་རྒྱུར་སྐུལ་སློང་དང་། རྒྱ་ནག་དཔོན་རིགས་ཚོའི་ལྐོག་ཟ་རུལ་སུང་གི་གསང་བའི་གནས་ཚུལ་སྤྱི་བསྒྲགས་བྱ་དགོས་པའི་ངན་སྐུལ་བྱེད་མཁན། སྤྱི་ཚོགས་ཀྱི་སྒྲིག་སྲོལ་དང་འགལ་འཛོལ་བྱས་པའི་ནག་ཉེས་བཙུགས་ཡོད་པ་ལྟར་རེས་གཟའ་ལྷག་པའི་ཉིན་ཁོང་ལ་པེ་ཅིང་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁྲིམས་བཤེར་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད། ད་དུང་རྒྱ་མི་རིགས་Zho Changqing དང། Ding Jiaxi, Li Wei, Yuan Dong, Hou Xin , Zhang baocheng སོགས་ལ་ཡང་ཁྲིམས་རྩོད་པ་Xu Ziyong དང་གཅིག་མཚུངས་ཀྱི་ནག་ཉེས་ཐོག་ནས་གཟའ་འཁོར་འདིའི་ནང་པེ་ཅིང་དུ་ཁྲིམས་བཤེར་བྱ་རྒྱུ་ཡིན་འདུག རྒྱ་ནག་གཞུང་གིས་ཁོང་ཚོ་ནི་མི་རབས་གསར་པའི་ལས་འགུལ་ཟེར་བའི་ནང་གི་གཙོ་བོའི་མི་སྣའི་གྲས་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང། ད་རེས་ཁོང་ཚོ་ཁྲིམས་བཤེར་བྱེད་པའི་སྐབས་གསར་འགོད་པ་དང་། ཕྱི་མི་ཟུར་ཉར་པ་སོགས་གཅིག་ཀྱང་གཏོང་རྒྱུའི་འཆར་གཞི་མེད་པ་བཀོད་འདུག
དེ་བཞིན་ཚེས་༢༡ཉིན་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་རྒྱ་ནག་གི་ཁྲིམས་ཞིབ་གནད་དོན་དེའི་ཐད་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུང་མཚམས་འཇོག་བཟོ་རྒྱུའི་ལས་དོན་དེ་ཚོ་དྲང་པོ་དྲང་བཞག་ཅིག་མ་ཡིན་པར་འཁྲབ་མཚོན་ཙམ་ཞིག་ལག་བསྟར་བྱེད་ཀྱི་ཡོད་སྐོར་སྐྱོན་བརྗོད་བྱས་ཡོད་པ་རེད།
གསར་འགོད་པ་ཉི་མ།