ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན།
2013.10.28

བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་དགུ་བ་དབུ་འཛུགས་འདུག
དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༢༨ ནས་ ༣༡ བར་ཉིན་བཞིའི་རིང་ཚོགས་རྒྱུའི་ལྷན་ཚོགས་འདིའི་གཙོ་སྐྱོང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གནང་གི་ཡོད་པ་དང་། དེ་རིང་ལྷན་ཚོགས་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གཙོས་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ས་གནས་འགོ་འཛིན་རྣམ་པ། ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་རྣམ་པ། དེ་བཞིན་གསར་འགོད་པ་བཅས་ཁྱོན་མི་གྲངས་༦༠བརྒལ་བ་ཕེབས་ཡོད་འདུག ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་ནང་། ས་གནས་འགོ་འཛིན་རྣམ་པས་ཐུགས་འགན་བཞེས་ཕྱོགས་དང་། སྤྱིར་མི་མང་དང་ཡང་སྒོས་ཉམ་ཐག་ཐོག་གཟིགས་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་འདུག ཐེངས་འདིའི་ཚོགས་འདུའི་གྲོས་གཞི་གཙོ་བོ་ནི་འཛིན་སྐྱོང་ཚོགས་འདུ་ཐེངས་བརྒྱད་པའི་གྲོས་ཆོད་ཁག་གི་ཐོག་ལག་བསྟར་ཇི་གནང་དང་། བཀའ་ཤག་གི་ལྟ་གྲུབ་རང་ཁ་རང་འཚོ་ཐུབ་ཐབས་རྩ་འཛིན་ཐོག་ད་ཡོད་ཉམས་ཐག་ཞིབ་འཇུག་དང་། བལྟ་སྐྱོང་བྱེད་ཕྱོགས་ཀྱི་སྲིད་ཇུས་ལམ་སྟོན་ལ་བསྐྱར་ཞིབ་ཇི་དགོས་སྐོར་དང་། མི་འབོར་གྲངས་ཐོ་ལེན་ཕྱོགས་ཚགས་ཚུད་ཡར་རྒྱས་གཏོང་ཐབས། བཙན་བྱོལ་བོད་མིའི་མི་འབོར་འཕེལ་ཚད་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐབས་ལམ། གཞིས་ཆགས་ཁག་གི་ས་ཐོ་ལག་འཛིན་ཡིག་ཆའི་སྐོར་དང་། དེ་བཞིན་སྔོན་རྩིས་སྟངས་འཛིན་དང་རྩིས་ཞིབ་སྙན་ཐོར་ཐུགས་ཞིབ་ཟབ་ནན་གནང་རྒྱུ་སོགས་གྲོས་གཞི་དོན་ཚན་བཅུའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་འདུག