བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་སྟེ།བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་མ་ལག་དང་བཅས་པའི་ལས་བསྡོམས་ཀྱི་གྲོས་ཚོགས་ལས་རིམ་དངོས་སུ་དབུ་འཛུགས་ཞུས་ཡོད་པ།

2024.09.11
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་སྟེ།བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་མ་ལག་དང་བཅས་པའི་ལས་བསྡོམས་ཀྱི་གྲོས་ཚོགས་ལས་རིམ་དངོས་སུ་དབུ་འཛུགས་ཞུས་ཡོད་པ། གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་དང་པོ། ༢༠༢༤།༠༩།༡༡ ཉིན།
Tibet.Net

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་བཞིན། བཞུགས་སྒར་དུ་ཕྱི་ཟླ་ ༩ པའི་ཚེས་ ༡༡ ནས་ ༡༩ བར་ལས་ཉིན་བརྒྱད་རིང་འཚོག་བཞིན་པ་དེ་དངོས་སུ་དབུ་འཛུགས་གནང་སྐབས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་ནང་། ང་ཚོ་སྐྱབས་བཅོལ་བའི་གནས་བབས་ཀྱི་ཆ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འགན་དབང་བསྐུར་བ་དེ། གཙོ་བོ་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་གནས་སྟངས་ཆགས་ཡོད་པའི་ཐོག་ལ་ང་ཚོས་ག་རེ་ཞུ་ཐུབ་པ་དང་ཞུ་རྒྱུ་འདུག་གྲོས་ཚོགས་ནང་གླེང་སློང་བགྲོ་གླེང་། ལས་འཆར་ཅི་ཞིག་བསྒྲིག་དགོས་པ་སོགས་ཀྱི་ཐད་དགོངས་པ་བཞེས་ཐུབ་དགོས་པ་ཧ་ཅང་གལ་ཆེན་ཆགས་ཡོད་ཅེས་གསལ་འདེབས་དང་འབྲེལ། ལྷན་ཁང་ཁག་བདུན་གྱི་ལས་བསྡོམས་རྒྱས་པ་སྤྱི་འཐུས་རྒྱུན་ལས་ལ་གནང་སྟེ་སྤྱི་འཐུས་རྒྱུན་ལས་ནས་སྡེ་ཚན་གསུམ་ལ་ཆ་བགོས་ཀྱིས། ལས་བསྡོམས་ལ་གཟིགས་ཞིབ་དོགས་འདྲི་དང་དགོངས་ཚུལ་རིགས་བསྐྱར་དུ་སྤྱི་འཐུས་རྒྱུན་ལས་ལ་ཕེབས་ཏེ་རྒྱུན་ལས་ནས་བཀའ་བསྡུར་གཏན་འབེབས་ཀྱིས། ལྷན་ཁང་ཁག་ལ་བཏང་བ་དང་དོགས་འདྲི་དགོངས་ཚུལ་སླེབས་ཡོང་གི་ཡོད་པ་དང་། ཁྲིམས་བཟོའི་ལས་དོན་གྱི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་གྱི་ཐོག་གྲོས་ཚོགས་ཀྱིས་ཆེད་བཙུགས་ཚོགས་ཆུང་གི་སྙན་ཐོ་དང་། སྒྲིག་གཞི་བསྐྱར་བཅོས་ཀྱི་འཆར་ཟིན་སོགས་སླེབས་ཡོང་གི་ཡོད་པའི་མུར། འཛིན་སྐྱོང་བཀའ་ཤག་གིས་ཀྱང་ཁྲིམས་སྒྲིག་བསྐྱར་བཅོས་རིགས་ཤིག་ཕེབས་ཡོང་གི་ཡོད་པ་བཅས་གསལ་སྟོན་གནང་གི་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག ལས་བསྡོམས་དང་འབྲེལ་ཁྲིམས་བཟོའི་ལས་དོན་ཁག་ཅིག་ཀྱང་གྲོས་ཚོགས་ལས་རིམ་དུ་ཡོད་པར། གཞི་རིམ་མི་མང་གི་ལས་འགུལ་བ་བོད་མི་ཆིག་སྟོང་ལྷག་ཅིག་ཀྱང་ས་གནས་ཁག་འདྲ་མིན་ནས་ཕེབས་ཏེ།“ད་ལྟའི་ཆར་གལ་ཆེ་ནང་གི་དོན་ཆེ་ནི་ཁྲིམས་ཞིབ་ཆེ་བ་དང་གཞན་གཉིས་བསྐོ་གཞག་ཐུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ད་ལམ་ཚོགས་དུས་འདིའི་ཐོག་ནས་གནང་རོགས་དང་། ཁྲིམས་ཞིབ་ཁང་གི་སྐུ་དབང་སྔར་ཡོད་སླར་གསོ་ངེས་པར་དུ་གནང་རོགས་”ཞེས་ཞུ་སྐུལ་ལས་འགུལ་སྤེལ་གྱི་ཡོད་པར་བརྟེན། བོད་མི་མང་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ནས་ཁྲིམས་ཞིབ་པ་ཆེ་བ་ཕེབས་པའི་འོས་ཆོས་དང་འབྲེལ་བ། བཅའ་ཁྲིམས་བསྐྱར་བཅོས་དགོས་པར་ཚང་མས་ངོས་འཛིན་གནང་གི་ཡོད་པས་བཅའ་ཁྲིམས་བསྐྱར་བཅོས་དེ་འགྲོ་རྒྱུའི་རེ་བ་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཡང་བོད་མི་མང་མདོ་སྟོད་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ནས་ཁྲིམས་བཟོའི་ལས་དོན་ཁག་མང་པོ་ཞིག་ཡོད་པ་སྤྱི་དང་། ཁྱད་པར་ཁྲིམས་ཞིབ་པ་བསྐོ་བཞག་དང་འབྲེལ་བའི་ཁྲིམས་སྒྲིག་བསྐྱར་བཅོས་ཐུབ་པར། སྤྱི་འཐུས་ཡོངས་ཀྱིས་ཆ་ཤས་བླངས་ཏེ་སོ་སོའི་བསམ་ཚུལ་དེ་རང་དབང་གི་སྒོ་ནས་གནོན་ཤུགས་མེད་པར་སྒྲིག་འཛུགས་ལ་ཅི་ཕན་གཞི་ལ་བཞག་སྟེ་བཀའ་མོལ་ཞུས་ནས་ཡག་པོ་ཡོང་རྒྱུར། རྒྱབ་སྐྱོར་དང་རེ་བ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ཡང་བོད་མི་མང་སྤྱི་འཐུས་མདོ་སྟོད་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ནས། གནོན་ཤུགས་སྤྲད་ནས་ཁྲིམས་དང་སྒྲིག་གཞི་བསྐྱར་བཅོས་བཏང་ཤོགས་ལབ་ན་རྩ་བ་ནས་བཏང་གི་མ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ཀྱང་བཀའ་ཤག་གི་ངོས་ནས་ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུ་བའི་གྲོས་འཆར་གཅིག་དང་། ཁྲིམས་ཞིབ་པ་བསྐོ་བཞག་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་སོགས་འཁུར་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་རིམ་ནང་གཙོ་ཆེ་ཤོས། ཕྱི་ལོ་ ༢༠༢༣ དང་ ༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་བདུན་གྱི་ལས་བསྡོམས་སྙན་སྒྲོན་བགྲོ་གླེང་གནང་རྒྱུ་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར། བཀའ་ཤག་གི་གསལ་བཤད་དང་ཁྲིམས་བཟོའི་ལས་དོན་ཁག་ཅིག་བཅས་འགྲོ་རྒྱུ་ཡིན་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎