བོད་མིའི་གཞིས་ཆགས་ཁག་ནང་ནང་སྲིད་ལས་ཁུངས་དང་སྤྱི་མཐུན་མཉམ་སྦྲེལ། ས་གནས་འགོ་འཛིན་བཅས་མཉམ་རུབ་ཀྱིས་ལས་གཞི་སྤེལ་དགོས་པའི་གྲོས་ཆོད་བཞག་པ།

2021.11.13
བོད་མིའི་གཞིས་ཆགས་ཁག་ནང་ནང་སྲིད་ལས་ཁུངས་དང་སྤྱི་མཐུན་མཉམ་སྦྲེལ།  ས་གནས་འགོ་འཛིན་བཅས་མཉམ་རུབ་ཀྱིས་ལས་གཞི་སྤེལ་དགོས་པའི་གྲོས་ཆོད་བཞག་པ། རྒྱ་བལ་འབྲུག་གསུམ་ཁུལ་གྱི་བོད་མིའི་སོ་ནམ་གཞིས་ཆགས་༡༨ དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གཙོས་མཉམ་འབྲེལ་ཁག་༡༥ ཡི་ཉིན་གཉིས་རིང་གི་ཚོགས་ཆེན་ཐེངས་༨ པ།
བོད་མིའི་སྒྲིག་འཛུགས།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་ཞུས་པའི་རྒྱ་བལ་འབྲུག་གསུམ་ཁུལ་གྱི་བོད་མིའི་སོ་ནམ་གཞིས་ཆགས་༡༨ དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གཙོས་མཉམ་འབྲེལ་ཁག་༡༥ ཡི་ཉིན་གཉིས་རིང་གི་ཚོགས་ཆེན་ཐེངས་༨ པ་དེ་བཞིན་ཕྱི་ཟླ་༡༡ཚེས་༡༣ ཉིན་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་ཚོགས་ཁང་དུ་མཇུག་སྒྲིལ་གནང་ཞིང་། ནང་སྲིད་སོ་མཉམ་ཚན་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས། ད་རེས་གཙོ་བོ་གྲོས་གཞི་ཁག་བཞི་ཡོད་པའི་ནང་ནས་གལ་འགངས་ཆེ་ཤོས་གཉིས་ཡོད་པ་ལས། གཅིག་ནི་སོ་ནམ་གྱི་ལས་གཞི་དེ་ཚགས་ཚུད་གཏང་ཕྱོགས་དང་། གཉིས་པ་དེ་མ་འོངས་པར་བོད་མིའི་གཞིས་ཆགས་ཁག་ཏུ་ལས་གཞི་ཇི་འདྲ་ཞིག་སྤེལ་རུང་ནང་སྲིད་ལས་ཁུངས་དང་མཉམ་འབྲེལ། དེ་བཞིན་ས་གནས་འགོ་འཛིན་བཅས་མཉམ་རུབ་ཀྱིས་ལས་གཞི་སྤེལ་དགོས་པའི་གྲོས་ཆོད་བཞག་ཡོད་པ་འགྲེལ་བརྗོད་གནང་འདུག
ད་དུང་མ་འོངས་པར་བོད་མིའི་གཞིས་སྒར་ཁག་ཏུ་མཉམ་འབྲེལ་དང་སོ་ནམ་འདེབས་ལས་སོགས་དང་འབྲེལ་བའི་ལས་གཞི་ཇི་འདྲ་ཞིག་སྤེལ་རུང་ཁྲིམས་སྒྲིག་གཙོ་བཟུང་དགོས་པའི་གྲོས་ཆོད་ཀྱང་བཞག་འདུག་པ་དང་། ད་ཆ་སོ་ནམ་གཞིས་ཆགས་ཁག་ཏུ་སྐྱེ་ལྡན་སོ་ནམ་གྱི་ལས་གཞི་རྒྱུན་གནས་ཐུབ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པ་དེ་ནི་གཙོ་བོ་ཡོང་འབབ་ལས་འགྲོ་གྲོན་ཆེ་བའམ་གཙང་ཁེ་མེད་པར་ཐུག་ཡོད་པ་དང་། གནད་དོན་དེའི་ཐོག་་ཚོགས་ཆེན་དུ་གྲོས་བསྡུར་བྱུང་ཡོད་ཀྱང་། ད་དུང་སོ་ནམ་པ་མང་ཚོགས་ལ་བཀའ་བསྡུར་དང་བསམ་ཚུལ་བསྡུ་ལེན་ཞུ་རྒྱུའི་ཐག་གཅོད་བྱུང་ཡོད་པ་དོན་གྲུབ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་འདུག
ཡང་ཚོགས་ཆེན་མཇུག་བསྡོམས་མཛད་སྒོའི་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། གཙོ་བོ་བོད་མིའི་གཞིས་ཆགས་ཁག་སོ་སོ་རང་ངོས་ནས་འཆར་གཞི་དང་དམིགས་ཡུལ་ལྡན་པའི་སྒོ་ནས་ཡར་རྒྱས་གཏོང་དགོས་པ་ལས། ནང་སྲིད་ལས་ཁུངས་ནས་ཚང་མར་བུན་གཡར་གཏོང་རྒྱུ་ཁག་པོ་ཆགས་ཡོད་པ་དང་། ད་ལྟའི་ཆར་ནང་སྲིད་ལས་ཁུངས་ཀྱི་བུན་གཡར་གྱི་ལས་འཆར་ལ་མ་རྩ་ཧིན་སྒོར་འབུམ་༢༠༠ཙམ་ལས་མེད་པ་མ་ཟད། ནང་སྲིད་ཁྱོན་ཡོངས་ཀྱི་མ་དངུལ་དེ་ཡང་ཧིན་སྒོར་འབུམ་༡༠༠༠ལྷག་ཙམ་ལས་མེད་ཅེས་གསུངས་གནང་འདུག
གཞན་ཡང་ད་རེས་བོད་མིའི་སོ་ནམ་དང་མཉམ་འབྲེལ་ཚོགས་ཆེན་ཐེངས་༨ པའི་ཐོག་ས་གནས་འགོ་འཛིན་༡༨་དང་མཉམ་འབྲེལ་དྲུང་ཆེ་༡༥། མཉམ་འབྲེལ་ཚོགས་གཙོ་༡༤ སྤྱི་མཐུན་མཉམ་འབྲེལ་འགན་འཛིན་༡ བཅས་ཁྱོན་ཚོགས་བཅར་བ་༤༨ ཆེད་བཅར་ཞུས་འདུག།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎