བོད་མིའི་སྤྱི་ཚོགས་ཁྲོད་ལོ་རེ་བཞིན་རིགས་གཅིག་རྐང་འཛིན་པ་དང་ཉམས་ཞིབ་ཀྱི་གནས་ཚད་ཡར་རྒྱས་འགྲོ་བཞིན་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པས་འགྲེལ་བརྗོད་གནང་སོང་།
སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༨ ཚེས་ ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་དྲ་ལམ་བརྒྱུད་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་དེ་བཞིན་བསྐོང་ཚོགས་གནང་ཞིང་། ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་གནའ་རབས་ཀྱི་སྲོལ་རྒྱུན་རིག་གཞུང་དང་མི་རིགས་ཀྱི་འབྱུང་ཁུངས། ལོ་རྒྱུས་ཁག་ཤེས་པའི་ཐོག་ནས་ཞིབ་འཇུག་ཚད་ལྡན་གནང་སྟེ་རིག་གཞུང་དེ་དག་བསྐྱེད་བསྲིང་བྱེད་རྒྱུ་དེ་ཡིན་འདུག་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཉེ་བའི་ཆར་བོད་མིའི་སྤྱི་ཚོགས་ཁྲོད་ལོ་རེ་བཞིན་རིགས་གཅིག་རྐང་འཛིན་པ་ཇེ་མང་དུ་འགྲོ་བཞིན་པའི་ཁར་ཉམས་ཞིབ་ཀྱི་གནས་ཚད་ཀྱང་ལོ་རེ་བཞིན་ཡར་རྒྱས་འགྲོ་བཞིན་ཡོད་པ་རང་གི་མྱོང་ཚོར་དང་སྦྲགས་ངོ་སྤྲོད་གནང་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ཕྱི་ཐེངས་མང་པོར་ཤེས་ཡོན་ཐོག་ནུས་པ་འདོན་དགོས་པའི་བཀའ་ནན་ཡང་ཡང་ཕེབས་ཡོད་པ་མ་ཟད། རིགས་གཅིག་རྐང་འཛིན་པ་བསྐྱེད་བསྲིང་བྱེད་དགོས་པའི་བཀའ་སློབ་ཀྱང་ཐེངས་མང་ཕེབས་པ་བཞིན་། ད་ཆ་རྒྱ་གར་ཙམ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་གྱི་མཐོ་སློབ་དང་གཙུག་ལག་སློབ་ཆེན་སོགས་ཤེས་ཡོན་གྱི་སྡེ་ཁག་ནང་བོད་མི་འབུམ་རམས་པ་དང་།
མཁས་པ། ཉམས་ཞིབ་པ་སོགས་མང་དུ་འགྲོ་བཞིན་ཡོད་པ་མངོན་གསལ་ཆགས་ཡོད་ཅིང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས། གཞོན་སྐྱེས་འབུམ་རམས་པ་ཚོས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ལ་དམིགས་བསལ་གྱི་དོ་སྣང་གནང་སྟེ་སྔར་ལས་ཀྱང་ཐབས་ལམ་གསར་པ་ཞིག་གི་ཐོག་ནས་ཡར་རྒྱས་གཏོང་དགོས་གལ་ཆེ་ཞེས་འགྲེལ་བརྗོད་གནང་སོང་།
ཐེངས་འདིའི་ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་འབུམ་རམས་པ་བཅུ་གཅིག་དང་། འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་བཅུ་གཅིག དེ་བཞིན་གཙུག་ལག་རབ་འབྱམས་པ་དང་ཁྱད་ལས་ཉམས་ཞིབ་པ་བཅུ་གཅིག་བཅས་ནས་མཉམ་ཞུགས་གནང་འདུག་པ་དང་། ད་རེས་ཉམས་ཞིབ་པ་ཕལ་ཆེ་བའི་ཉམས་ཞིབ་བྱེད་སྟངས་ཀྱི་ཐབས་ལམ་དེ་ཡང་བོད་ཀྱི་སྲོལ་རྒྱུན་གྱི་ཉམས་ཞིབ་གནང་སྟངས་དང་། དེང་གི་ཉམས་ཞིབ་གནང་སྟངས་གཉིས་ཟུང་འབྲེལ་གྱི་ཐོག་གནང་འདུག་པ་དེ་ཧ་ཅང་གི་ཡག་པོ་འདུག་ཅེས་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་འགྲེལ་བརྗོད་གནང་སོང་། ཡང་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས། ད་རེས་ཚོགས་འདུ་འདིའི་ཐོག་དམིགས་བསལ་གྱིས་མ་འདང་བའི་ཆ་མེད་ཀྱང་། དྲ་ཐོག་ནས་ཚོགས་པའི་རྐྱེན་གྱིས་ཚོགས་འདུ་ཆ་ཚང་བ་ཞིག་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་མ་བྱུང་ཞེས་དང་། སྤྱིར་ཉམས་ཞིབ་ཚོགས་འདུ་དེ་ཐོག་མར་འགོ་བཙུགས་དུས་ནས་རིམ་པས་ཡར་རྒྱས་སུ་འགྲོ་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་།
གཞན་ཡང་ཐེངས་འདིའི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པའི་བརྗོད་གཞི་ཁག་ནི། ཆིང་གོང་མ་ཆན་ལུང་སྐབས་ཀྱི་མཛད་ཆེན་བཅུ་ཡི་ཡ་གྱལ་ཆུ་ཆེན་དམག་འཁྲུག་སྔ་ཕྱི་གཉིས་ཀྱི་སྐོར། ཨེ་ཤེ་ཡའི་ཚོགས་འདུ་༡༩༤༧ལས་འཕྲོས་ཏེ་བོད་ཀྱི་རྒྱལ་གླུའི་བྱུང་འཕེལ་སྐོར། བོད་ཀྱི་འབྲོག་ཁུལ་གྱི་སྒྲོ་བའི་རིག་གནས་དང་སྒྲོ་བཟོའི་ལག་རྩལ་སྐོར། བཙན་བྱོལ་བོད་མིའི་ཕྱིའི་འབྲེལ་ལམ་དང་ཨ་མི་རི་ཀའི་ནང་བོད་ཀྱི་ཆོས་དང་རིག་གཞུང་གི་ལས་གཞི་སྐོར། དེ་བཞིན་བོད་ཀྱི་དམག་དོན་ལོ་རྒྱུས་དང་། དམག་ཤུགས་ཀྱི་ནུས་པས་ས་ཁྱོན་རྒྱ་བསྐྱེད་བྱས་ཚུལ་སྐོར་སོགས་བོད་དོན་དང་འབྲེལ་བའི་བརྗོད་གཞི་མང་དག་ཅིག་གི་ཐོག་ཉམས་ཞིབ་པ་སོ་སོས་དཔྱད་རྩོམ་དང་འབྲེལ་བའི་གཏམ་བཤད་དང་བགྲོ་གླེང་གནང་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འོད་ཟེར།