བོད་བཅིངས་གྲོལ་བཏང་ནས་ལོ་ངོ་༧༠འཁོར་བའི་དུས་ཆེན་ཟེར་བ་ཞིག་ཧ་ཅང་དམ་དྲག་འོག་ལྷ་སར་ཚོགས་འདུག





སྤྱི་ལོ་༢༠༢༡ལོའི་སྤྱི་ཟླ་༨ཚེས་༡༩ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་དབུས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་ཡང་གི་སྣེ་ཁྲིད་འོག་བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་༧༠་འཁོར་བ་ཟེར་བའི་མཛད་སྒོ་ཞིག་ཧ་ཅང་དམ་དྲག་འོག་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་ཚོགས་ཡོད་པ་དང་། ཚེས་༡༧ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཟེར་བས་བརྡ་ཁྱབ་ཞིག་བཏང་འདུག་པ་དེའི་ནང་། བོད་ཞི་བའི་བཅིངས་གྲོལ་བཏང་བ་ཟེར་བའི་རྟེན་འབྲེལ་ཚོགས་ཆེན་འདི་ཚེས་༡༩་ཉིན་འཚོགས་ཀྱི་ཡོད་པ་དང་། ཉིན་དེར་ལྷ་ས་གྲོང་ཁྱེར་གྱི་ནང་ཐོ་རངས་ཆུ་ཚོད་བཞི་པ་ནས་དེ་ཉིན་བྱེད་སྒོ་མཇུག་མ་སྒྲིལ་བར་ལྷ་སའི་ནང་གི་གཡུ་ཐོག་ལམ་དང་། མཁར་རྔ་གདོང་ལམ། པེ་ཅིང་ལམ་དང་། ཉང་བྲན་ལམ་གྱི་ལམ་མདོ། པེ་ཅིང་ལམ་དང་གླིང་བསྐོར་ལམ་གྱི་ལམ་མདོ། བདེ་སྐྱིད་ལམ་དང་ནོར་བུ་གླིང་ཁའི་ལམ་མདོ་སོགས་ཆ་ཚང་ལ་མོ་ཊ་དང་འཕྲུལ་རིགས་མིན་པའི་འཁོར་རིགས། མཐའ་ན་རྐང་ཐང་དུ་ཡང་འགྲོ་མི་ཆོག་པའི་བཀོད་ཁྱབ་ནན་པོ་ཞིག་བཏང་འདུག
རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་ཏེ་ལོ་ངོ་༧༠ འགྲོ་ཡི་ཡོད་ན་ཡང་བོད་མིའི་སེམས་པ་བཀུག་ཐུབ་མེད་སྟབས། བོད་ཐོག་རྒྱ་ནག་གི་དབང་བསྒྱུར་དེ་ལུགས་མཐུན་ཅན་ཞིག་བཟོ་རྒྱུའི་ཆེད་རྒྱ་ནག་གཞུང་གི་མགྲིན་པར་གྱུར་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ལོ་རྒྱུས་ལ་རྫུན་བཟོ་དང་། འདས་པའི་ལོ་ངོ་༧༠ རིང་བོད་ལ་གཏོར་བཤིག་དང་བོད་མིར་འཕྲད་པའི་དཀའ་ངལ། བོད་མི་རིགས་རྩ་མེད་བཟོ་བཞིན་པ་སོགས་གང་ཡང་མ་གླེང་པར་ཆབ་སྲིད་དྲིལ་བསྒྲགས་ཀྱི་དམིགས་ཡུལ་ལྡན་པའི་དྲིལ་བསྒྲགས་བྱེད་བཞིན་པ་དེ་དག་ལ་སུན་སྣང་ཡོང་གི་ཡོད་པ་ལྷ་སའི་གྲོང་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་ལ། དེ་བཞིན་ལྷ་ས་བ་གཞན་ཞིག་གིས་ཉིན་ཤས་སྔོན་ནས་ལྷ་སའི་ནང་འགྲོ་ལམ་ཁག་ཏུ་འགག་སྒོ་ཆེད་བཙུགས་ཀྱིས་ལག་ཁྱེར་ཞིབ་བཤེར་དང་སྟོད་གོས་ཀྱི་ཨམ་ཕྲག་བསྔོག་བཤེར་སོགས་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་། ད་དུང་ལྷ་སར་གནས་སྡོད་བོད་མི་གཞན་ཞིག་གིས་མཛད་སྒོའི་ཐོག་མཉམ་ཞུགས་བྱེད་མཁན་མང་ཆེ་བ་སློབ་ཕྲུག་དང་ཏང་ཡོན་ལས་བྱེད་པ་ཡིན་པ་མ་ཟད། དེ་དག་ངེས་པར་དུ་ཡོང་དགོས་པ་ཉིན་ཤས་གོང་བཙན་བཀའ་བཏང་ཡོད་པ་འདི་གའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་།
བོད་ཞི་བའི་བཅིངས་གྲོལ་བཏང་སྟེ་ལོ་བདུན་ཅུ་འཁོར་བ་ཟེར་བའི་དུས་སྟོན་འདིའི་ཐོག་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཚོགས་མི་དང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་ཡང་གིས་སྣེ་ཁྲིད་འོག་རྒྱ་ནག་ནས་དཔོན་རིགས་༢༢ ཙམ་ཆེད་གཏོང་བྱས་འདུག་ཅིང་། ཁོང་ཚོ་ཕྱི་ཚེས་༡༨ཉིན་ལྷ་སར་འབྱོར་ཏེ་འདི་ཚེས་༡༩ ཉིན་དངོས་སུ་མཛད་སྒོར་བཅར་འདུག་པ་དང་། སྐབས་དེར་ཝང་ཡང་གི་གཏམ་བཤད་ནང་། ཞིན་ཅིང་ཕིན་གྱིས་ལམ་སྟོན་སྣེ་ཁྲིད་ལ་བརྟེན་ནས་བོད་མི་མང་ལ་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་བསྐྲུན་ཡོད་པ་དང་། ད་ཆ་བོད་ནང་དུ་དཔལ་འབྱོར་དང་སྤྱི་ཚོགས་སོགས་ཡར་རྒྱས་ཤུགས་ཆེར་ཕྱིན་ཡོད་པ་དེ་དག་གུང་ཁྲན་ཏང་གི་བཀའ་དྲིན་ཡིན་པ་བཤད་འདུག་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མི་ཚོར་བདེ་སྐྱིད་བསྐྲུན་ཡོད་ཟེར་བ་དེ་འཁྱོག་བཤད་ཡིན་པ་ལས། དོན་དངོས་ཐོག་འདས་པའི་མི་ལོ་༧༠ རིང་འདིར་བོད་ཀྱི་ཆོས་དང་རིག་གཞུང་སྐད་སོགས་ཉམས་ཉེས་སུ་བཏང་ཡོད་པ་འགྲེལ་བརྗོད་གནང་སོང་།
ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། འདས་པའི་ལོ་ངོ་༧༠ དེ་ནི་བོད་མིའི་ལོ་རྒྱུས་ནང་ཆེས་མུན་ནག་གི་དུས་ཤིག་ཡིན་པ་མ་ཟད། ཁྲག་དང་མིག་ཆུའི་ལོ་རྒྱུས་ཞིག་ཀྱང་ཡིན་པས། ལོ་ངོ་༧༠ ཟེར་བའི་དུས་ཆེན་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་གནང་སོང་།
འདས་པའི་ལོ་བདུན་ཅུ་དེའི་ནང་བོད་ཀྱི་སྣོད་བཅུད་རིག་གཞུང་དང་བཅས་པ་རྩ་མེད་འགྲོ་བའི་ཉེན་ཁའི་གནས་སུ་ལྷུང་བའི་དུས་ཡུན་དེ་ནི་བོད་ཀྱི་ལོ་རྒྱུས་ནང་གི་ཆེས་མུན་ནག་གི་དུས་ཚོད་ཤིག་ཡིན་པར་བོད་མི་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་དང་ཕྱོགས་མཚུངས། བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་ཀྱིས། ད་རེས་མཛད་སྒོ་ཚོགས་སྟངས་གཅིག་པུ་ལ་བལྟས་པ་ཡིན་ན། བོད་ནང་བརྟན་ལྷིང་མེད་པ་གསལ་པོ་རེད་ལ། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་ད་བར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ངོ་བོ་བཅས་པར་ཉམས་ཉེས་སུ་འགྲོ་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་།
གཞན་ཡང་རྒྱ་ནག་གཞུང་གིས་བོད་མི་ཚོར་བདེ་སྐྱིད་བསྐྲུན་ཡོད་ཚུལ་སྐོར་ད་བར་རྣམ་པ་འདྲ་མིན་གྱི་ལམ་ནས་་དྲིལ་བསྒྲགས་ཤུགས་ཆེར་བྱས་ཡོད་པ་རེད། འོན་ཀྱང་། རྒྱ་ནག་གཞུང་གིས་དྲག་པོའི་སྲིད་བྱུས་ཀྱི་རྐྱེན་གྱིས་ད་བར་བོད་མི་༡༥༠ ལྷག་གི་རང་ལུས་མེར་སྲེག་བཏང་ཡོད་པ་དང་། བོད་མི་སྒྱུ་རྩལ་བ་དང་། རྩོམ་པ་པོ། གཞས་པ་གཞས་མ་སོགས་བོད་མི་མང་པོ་ཞིག་ཉེས་མིང་འདྲ་མིན་འོག་རྒྱ་ནག་གཞུང་གི་བཙོན་ཁང་ནང་མནར་གཅོད་ཚད་མེད་བཏང་བའི་དབང་གིས་འདས་གྲོངས་ཕྱིན་ཡོད་པ་རེད་།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།