བོད་ཀྱི་གནད་དོན་ནི་ལྷོ་ཨེ་ཤེ་ཡ་ཙམ་དུ་མ་ཟད་འཛམ་གླིང་སྤྱི་ཡོངས་ཀྱི་བདེ་སྡུག་དང་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད་ཅེས། བོད་མའི་སྒྲིག་འཛུགས་ཕྲི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་གསུངས་པ།

2024.10.17
བོད་ཀྱི་གནད་དོན་ནི་ལྷོ་ཨེ་ཤེ་ཡ་ཙམ་དུ་མ་ཟད་འཛམ་གླིང་སྤྱི་ཡོངས་ཀྱི་བདེ་སྡུག་དང་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད་ཅེས། བོད་མའི་སྒྲིག་འཛུགས་ཕྲི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་གསུངས་པ། རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པའི་སྐབས། ༢༠༢༤།༡༠།༡༧ ཉིན།
RFA/ Tenzin Woeser

ཟླ་ ༡༠ ཚེས་ ༡༧ དང་ ༡༨ བཅས་ཉིན་གྲངས་གཉིས་གི་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་བཞུགས་སྒར་གྱི་ཉེ་འཁྲིས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་དང་ལྷོ་ཨེ་ཤེ་ཡའི་སྐོར་ཞེས་པའི་བརྗོད་གཞིའི་ཐོག རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་ཆེན་ཐེངས་དྲུག་པ་གོ་སྒྲིག་ཞུས་ཡོད་པ་དང་། ཚོགས་འདུ་ཉིན་དང་པོའི་སྐུ་མགྲོན་གཙོ་བོར་བོད་མའི་སྒྲིག་འཛུགས་ཕྲི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཆེད་ཕེབས་ཀྱིས། རྒྱ་གར་ན་གཞོན་བོད་རིག་པ་བའི་ཚོགས་ཆེན་ནི་བོད་དང་ལྷོ་ཨེ་ཤེ་ཡ་ཙམ་དུ་མ་ཟད་འཛམ་གླིང་སྤྱི་ཡོངས་ཀྱི་བདེ་སྡུག་ཐོག་གླེང་སློང་བྱ་སའི་ཚོགས་འདུ་གལ་ཆེན་ཞིག་ཆགས་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཙམ་དུ་མ་ཟད་འཛམ་གླིང་ཡོངས་ལ་ས་མཚམས་དང་འབྲེལ་བའི་རྩོད་རྙོག་མང་པོ་འབྱུང་བཞིན་པའི་གནས་སྟངས་གསལ་སྟོན་གནང་བ་དང་སྦྲགས། བོད་ནི་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ཆུའི་ཡོང་ཁུངས་གཅིག་པུ་དེ་ཆགས་ཀྱི་ཡོད་པས། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་གཅིག་རྗེས་གཉིས་མཐུད་ཀྱིས་སྤེལ་བཞིན་པ་དེས་མ་འོངས་ལྷོ་ཨེ་ཤེ་ཡའི་ས་ཁུལ་ཡོངས་ལ་དཀའ་རྙོག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་སོང་།

རྒྱ་གར་བོད་རིག་པ་བའི་ཚོགས་འདུ་དེ་བཞིན་དེ་སྔ་ཕྱི་ལོ་ ༢༠༡༩ ནས་ཚོགས་འགོ་ཚུགས་ཡོད་པ་དང་། ཚོགས་ཆེན་དེ་ལྟ་བུ་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་གྱི་གཞོན་སྐྱེས་བོད་རིག་པའི་ཐོག་ཉམས་ཞིབ་གནང་མཁན་རྣམས་དང་ལྷན། བོད་དང་རྒྱ་གར་དབར་ལོ་རྒྱུས་རང་བཞིན་ལྡན་པའི་ཆོས་དང་རིག་གཞུང་། དེ་བཞིན་ཁོར་ཡུག་བཅས་ཀྱི་འབྲེལ་ལམ་སོགས་གང་ཅིའི་ཐད་འབྲེལ་བ་ཟབ་མོ་ཡོད་པ་དེ་ཕན་ཚུན་ངོ་སྤྲོད་དང་བསྐྱར་གསོ་ཐུབ་རྒྱུ་སོགས་ལ་དམིགས་ཡོད་པ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

unnamed.jpg
རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པའི་སྐབས། ༢༠༢༤།༡༠།༡༧ ཉིན།

དེ་ཡང་ཐེངས་འདིའི་ཚོགས་དུའི་ཐོག རྒྱ་གར་མངའ་སྡེ་འདྲ་མིན་ནས་ཆེད་མཁས་པ་དང་མཐོ་སློབ་ཁག་གི་གཙུག་ལག་སློབ་དཔོན། དེ་བཞིན་རྒྱ་གར་བོད་རིག་པ་ཉམས་ཞིབ་ཐད་འབུམ་རམས་པ་གནང་བཞིན་པ་སོགས་ཆོས་ལུགས་རིས་མེད་ཀྱི་མཁས་པ་མང་དག་ཅིག་ལྷན་ཞུགས་གནང་ཡོད་པ་དང་། རྒྱ་གར་ཀོལ་ཀཱ་ཏཱ་ནང་རྟེན་གཞི་བྱེད་པའི་ (Vidyasagar) མཐོ་སློབ་ཀྱི་སློབ་དཔོན་གཞོན་པ་བཀྲ་ཤིས་ཕུན་ཚོགས་ལགས་ནས། ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་བོད་ཀྱི་ཆབ་སྲིད་གནས་སྟངས་ཐོག་གོ་རྟོགས་དང་དོ་སྣང་གནང་མཁན་མང་པོ་ཡོད་ཀྱང་། བཙན་བྱོལ་བོད་པའི་དཔལ་འབྱོར་གནས་སྟངས་དེ་བཞིན་ཛ་དྲག་གི་གནས་སུ་ལྷུང་བཞིན་པའི་གནད་དོན་དང་འབྲེལ་བའི་སྐོར་ཉམས་ཞིབ་གནང་མཁན་ཧ་ཅང་དཀོན་པོར་སྣང་བས། ཁོང་ནས་ཐེངས་འདིའི་ཚོགས་ཆེན་ཐོག་མཉམ་ཞུགས་གནང་བའི་ཐོག་བོད་ཀྱི་དཔལ་འབྱོར་གནས་སྟངས་དང་འབྲེལ་བའི་སྐོར་གོ་རྟོགས་སྤེལ་ཐུབ་རྒྱུའི་རེ་བ་གནང་གི་ཡོད་པ་གསུངས་བྱུང་།

ཡང་ཇཱ་མུ་ཀྴ་མིར་ནས་ཡིན་པ་ད་ལྟའི་ཆར་ (Baroda) མཐོ་སློབ་ཏུ་རྒྱ་ནག་དང་རྒྱ་གར་བར་ཀྱི་ས་མཚམས་སྐོར་ཉམས་ཞིབ་གནང་མཁན་ (Neeraj Singh Manhas) ལགས་ཀྱིས། ང་རང་རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་ཆེན་ཐོག་མཉམ་ཞུགས་བྱས་པ་ཐེངས་དང་པོ་ཡིན་ཞིང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་བོད་དང་རྒྱ་གར་བར་ས་མཚམས་དང་རྒྱུག་ཆུའི་རྩོད་རྙོག་སོགས་དཀའ་ངལ་དུ་མ་འཕྲད་བཞིན་ཡོད་པ་དེའི་རྒྱུ་རྐྱེན་སྐོར་ཚང་མས་ཤེས་རྒྱུ་གལ་ཆེན་ཡིན་པས། ཐེངས་འདིའི་ཚོགས་ཆེན་ཐོག་ངས་དེ་སྔ་ཕྱི་ལོ་ ༡༩༩༤ ནས་ ༢༠༢༤ བར་གནམ་གཤིས་འགྱུར་ལྡོག་གིས་བོད་ཀྱི་ཆུ་བོ་རྣམས་ལ་ཤུགས་རྐྱེན་ཇི་བྱུང་གི་སྐོར་གླེང་རྒྱུ་ཡིན་པས་རེ་བ་བཟང་པོ་བྱེད་ཀྱི་ཡོད་ཅེས་གསུངས་བྱུང་།

གཞན་ཡང་ཐེངས་འདིའི་རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་ཆེན་ཐེངས་དྲུག་པའི་ཐོག (Multiversity) ཡི་འགན་འཛིན་སྐུ་ཞབས་ (Ramu Manivannan) ལགས་དང་། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Lady Shri Ram) མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་ (Vasudha Pande) ལགས། དེ་བཞིན་མ་དཱ་རས་ (Indian Institute of Technology) ནས་སློབ་དཔོན་ཆེན་མོ་ (Sonika Gupta) དང་། ནུབ་བྷང་གལ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ (Swatahsiddha Sarkar) བཅས་རྒྱ་གར་གྱི་ཆེད་མཁས་པ་བཞི་དང་། གཏམ་བཤད་པ་ཁྱོན་ ༢༥། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་མང་དག་ཅིག་ནས་མཉམ་ཞུགས་གནང་ཡོད་པ་རེད་འདུག་ཅིང་། ཚོགས་འདུའི་ཉིན་གཉིས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཆེད་ཕེབས་ཀྱིས་གསུང་བཤད་གནང་རྒྱུ་ཡིན་པ་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎