བོད་མི་མང་པོས་ལྡི་ལི་རུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་སྐད་འབོད་བྱས་འདུག

2022.03.10
བོད་མི་མང་པོས་ལྡི་ལི་རུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་སྐད་འབོད་བྱས་འདུག བོད་མི་མང་པོས་ལྡི་ལི་རུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་སྐད་འབོད་སྐབས། ༠༣།༡༠།༢༠༢༢
AFP

དེ་ཡང་སྤྱི་ཟླ་༣་པའི་ཚེས་༡༠་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༣་པའི་ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་གློ་བུར་རྒོལ་མཆོངས་ཀྱི་ལམ་ནས་ངོ་རྒོལ་ལས་འགུལ་སྤེལ་སྐབས། བོད་ནང་རྒྱ་ནག་གཞུང་གི་གདུག་རྩུབ་མནར་གཅོད་ཀྱི་སྲིད་བྱུས་འོག་བོད་ཕྱི་ནང་གཉིས་ནས་བོད་མི་༡༦༨་ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ནས་ཞི་བའི་ངོ་རྒོལ་བྱས་བར་རྒྱ་ནག་གཞུང་ཕྱོགས་ནས་དེའི་ཐད་འགན་འཁུར་དང་སྦྲགས་ལན་འདེབས་བྱེད་དགོས་ཞེས་དགོས་འདུན་བཏོན་ནས་སྐད་འབོད་བྱས་སོང་།
རྔམ་སྟོན་སྐད་འབོད་བྱས་ནས་རིང་པོ་མ་སོང་བར་རྒྱ་གར་ཉེན་རྟོག་པས་ལས་འགུལ་བ་བདུན་ཅུ་ལྷག་འཛིན་བཟུང་གིས་ལྡི་ལི་རུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་འཁྲིས་མ་དྷིར་མ་ཁི་ཉེན་རྟོག་ཁང་དུ་ཆུ་ཚོད་ཁ་ཤས་དོ་དམ་བཀག་ཉར་བྱས་རྗེས་ཆ་ཚང་གློད་གྲོལ་བཏང་འདུག
ལས་འགུལ་ནང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། ལྡི་ལི་ས་གནས་གཞོན་ནུ། དེ་བཞིན་རོ་ཧི་ནི་ས་གནས་གཞོན་ནུ་ལྷན་ཚོགས་བཅས་ས་གནས་ཁག་ནས་ལས་འགུལ་བ་བདུན་བཅུ་ལྷག་མཉམ་ཞུགས་བྱས་ཡོད་འདུག་ལ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས། ང་ཚོའི་དགོས་འདུན་གཙོ་བོ་རྒྱ་ནག་གཞུང་གིས་བོད་ནང་གི་དམ་དྲག་སྲིད་ཇུས་མཚམས་འཇོག་དགོས་བ་དང་། པཎ་ཆེན་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་བ། བོད་ནང་བོད་མི་༡༥༨་ཀྱིས་རང་ལུས་མེར་སྲེག་བཏང་བའི་དགོས་འདུན་ལ་བརྩི་འཇོག་བྱེད་དགོས་བ་བཅས་ཡིན་པ་ངོ་སྤྲོད་གནང་བྱུང་།

T031022KCLP ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་དུ་ངོ་རྒོལ་ལས་འགུལ།.jpeg
དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་བའི་ནང་། དེ་རིང་ནི་བོད་རྒྱལ་ཁབ་དང་མི་རིགས་ལ་མཚོན་ན་ནམ་ཡང་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཆགས་ཡོད། རྒྱ་ནག་གཞུང་གིས་སྤྱི་ལོ་༡༩༥༩ལོར་བོད་ས་ཁྱོན་ཡོངས་སུ་བཙན་འཛུལ་བྱས་སྐབས་ཆོལ་གསུམ་བོད་མི་སྟོང་ཕྲག་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་སྒོ་ནས་བོད་རང་བཙན་ཡིན། རྒྱ་དམར་བོད་ནས་ཕར་རྒྱུགས་ཞེས་པའི་འབོད་སྒྲའི་འོག་འཚེ་མེད་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱིས་བོད་མིའི་རང་དབང་སྒེར་ལངས་ཐོག་མ་དེ་བྱུང་ཡོད་ཅེས་དང་། དེ་ནས་བཟུང་ད་བར་བོད་ཀྱི་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་དང་བཅས་པ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད་པ་དང་། ལྷག་པར་དུ་བོད་མི་བརྒྱ་དང་དྲུག་ཅུ་རེ་བརྒྱད་ཀྱིས་རང་ལུས་མེར་སྲེག་བཏང་ནས་ཞི་རྒོལ་བྱེད་དགོས་བྱུང་བ་སོགས་མདོར་ན་ད་ལྟའི་བོད་ནང་རིག་གནས་གསར་བརྗེ་ལྟ་བུ་བསྐྱར་ལངས་བྱས་ཡོད་ཅེས་དང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དམ་དྲག་སྲིད་བྱུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། བོད་དོན་བདེན་མཐའ་མ་སེལ་གྱི་བར་དུ་ཕྱོགས་ཡོངས་ནས་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་དང་བོད་དོན་དྲིལ་བསྒྲགས་གཙོས་བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
གསུམ་བཅུའི་དུས་དྲན་ནི་སྤྱི་ལོ་༡༩༥༩ལོར་བོད་ཀྱི་རྒྱལ་ས་ལྷ་སར་མདོ་དབུས་ཁམས་གསུམ་གྱི་སེར་སྐྱ་ཕོ་མོ་སྟོང་ཕྲག་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་རྒྱ་ནག་གཞུང་གི་བཙན་གནོན་ལ་ཞི་བའི་སྒེར་ལངས་བྱས་བའི་ཉིན་མོ་ཡིན་པ་དང་། ད་བར་ལོ་ངོ་༦༣་འཁོར་ཡོད།

གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎