བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༣པ་གང་སར་སྲུང་བརྩི་གནང་འདུག
དེ་ཡང་ཟླ་༣པའི་ཚེས་༡༠ཉིན་ནི། དེ་སྔ་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་ངང་། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་བར་ངོ་རྒོལ་དང་རང་དབང་སྒེར་ལངས་བྱས་ནས་ད་བར་ལོ་ངོ་༦༣འཁོར་བའི་དུས་དྲན་ཉིན་མོ་ཡིན་པར་བརྟེན། རྒྱ་གར་གཙོ་བོ་བྱས་བའི་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་གི་ཡུལ་གྲུ་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། རྣམ་པ་འདྲ་མིན་གྱི་ཐོག་ནས་བོད་དོན་ལས་འགུལ་སྤེལ་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།
བཞུགས་སྒར་རྡ་རམ་སཱ་ལར་བོད་མིའི་རང་དབང་སྒེར་ལངས་ཐེངས་༦༣་པའི་གཞུང་འབྲེལ་གྱི་མཛད་སྒོ་དེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་ཚོགས་པ་དང་། རྗེས་སུ་མི་མང་གིས་གོམ་བགྲོད་དང་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་སྐད་འབོད་བྱས་ཡོད་པ་རེད།
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་ནས་བོད་མི་ཚོས་ལྡི་ལི་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་མཆོངས་ནས་ངོ་རྒོལ་ལས་འགུལ་སྤེལ་འདུག
ཨོསི་ཊརེ་ལི་ཡའི་ནང་། ཁུལ་དེའི་(Blue mountain)་ས་གནས་སུ། སྤྱི་ལོ་༢༠༡༩ལོ་ནས་བོད་དང་བོད་མི་ལ་རྒྱབ་སྐྱོར་མཚོན་ཆེད་ས་གནས་གྲོས་ཚོགས་ཀྱིས་གྲོས་ཆོད་བཞག་སྟེ། ལོ་རེ་བཞིན་གསུམ་བཅུའི་དུས་དྲན་སྐབས་བོད་ཀྱི་རྒྱལ་དར་གཞུང་འབྲེལ་གྱིས་སྒྲེང་འཛུགས་ལས་རིམ་ཞིག་འགྲོ་བསྡད་པ་བཞིན། ད་ལན་ཡང་བོད་མི་ཚོ་རྒྱལ་དར་སྒྲེང་འཛུགས་ལ་མཉམ་ཞུགས་དང་། ས་གནས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སོགས་ཀྱིས་མཉམ་འབྲེལ་མཛད་སྒོ་འཚོགས་པ་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་གནང་ཡོད་པ་དང་། ཁུལ་དེའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་དང་ཁན་བྷ་ར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས་ཀྱིས་གསུངས་ན། ཁོང་ཚོས་རྒྱ་ནག་གཞུང་ཚབ་མདུན་རྒྱ་རིགས་ཤེས་ཡོན་པ་དང་། བོད་མི་ཆབ་སྲིད་བཙོན་ཟུར་ཚོས་བོད་དོན་གཏམ་བཤད་གནང་བ་དང་། ཨོསི་ཊརེ་ལི་ཡ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་གི་དཔོན་རིགས་ཚོར། ཐོངས་མཆན་བཀག་སྡོམ་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད་འདུག
གཞན་ཡང་ཨོསི་ཊརེ་ལི་ཡའི་གྲོང་ཁྱེར་(Sydney)་ཁུལ་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི་གནང་བའི་ཐོག བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོ་མཉམ་ཞུགས་ཀྱི་མཛད་སྒོ་གནང་བའི་སར། ཨོསི་ཊརེ་ལི་ཤེ་ཡ་མངའ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཟུར་པ་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་། ད་ལྟ་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། འདས་པའི་ལོ་ངོ་བདུན་ཅུའི་ནང་བོད་ནང་སྐད་ཡིག་རིག་གཞུང་དང་ལོ་རྒྱུས་བཅས་རྩ་མེད་སོང་བའི་གནས་སྟངས་དེ། དངངས་འཚབ་སྐྱེ་དགོས་པ་ཞིག་ཡིན་པས། བོད་མི་ཚོས་རང་རང་གི་འོས་ཤོག་གི་ནུས་པ་བེད་སྤྱོད་བཏང་ནས། ཨོ་གླིང་གི་གྲོས་ཚོགས་འཐུས་མི་ཚོར་བོད་དོན་ཞུ་གཏུག་གནང་གལ་ཆེ་བ་ནན་བརྗོད་གནང་འདུག
ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གསུམ་བཅུའི་དུས་དྲན་དེ་བཞིན། རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རྒྱ་ནག་གི་དངུལ་ཁང་ཞིག་གི་མདུན་སྐད་འབོད་ལས་འགུལ་སྤེལ་བ་དང་བསྟུན། ཐེ་ཝན་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱས་ནས། སྟོན་པའི་སྐུ་བརྙན་གཏོར་བ་དང་། བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་གསལ་སྟོན། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་ཡོད་པ་རེད།
ནིའུ་ཛི་ལཎཊི་རྒྱལ་ཁབ་ནང་དུ། བོད་མི་དང་བོད་རྒྱབ་སྐྱོར་བ་ཚོས་གསུམ་བཅུའི་དུས་དྲན་ཐེངས་༦༣པའི་སྐབས་དང་བསྟུན། ཚོགས་པ་ཁག་གསུམ་གྱི་ཚོགས་མི་ཚོས་རྒྱ་ནག་གཞུང་ཚབ་ཀྱི་མདུན་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག
ཨ་རིའི་གྲོང་ཁྱེར་མང་པོའི་ནང་བོད་མི་ཚོས་གསུམ་བཅུའི་དུས་དྲམ་རྔམ་སྟོན་སྐད་འབོད་སོགས་ཀྱི་ལམ་ནས་སྲུང་བརྩི་བྱས་ཡོད་པ་དང་། ནེའུ་ཡོག་ནང་བོད་མི་ཚོ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་འཛོམས་ནས་རྔམ་སྟོན་སྐད་འབོད་བྱས་རྗེས། རྒྱ་ནག་གཞུང་ཚབ་ཁང་གི་མདུན་བར་གོན་བགྲོད་སྐད་འབོད་དང་། བོད་དོན་གཏམ་བཤད་ཀྱི་མཛད་རིམ་སྤེལ་ཡོད་པ་རེད།
ཨ་རིའི་རྒྱལ་སའི་མངའ་ཁུལ་དུ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འཛོམས་ནས། རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་སྤེལ་སྐབས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་། ཡུ་གུར། ཧོང་ཀོང་གི་རང་དབང་ལས་འགུལ་བ་བཅས་མཉམ་ཞུགས་གནང་བ་མ་ཟད། བོད་མི་ཚོ་ལ་རྒྱབ་སྐྱོར་དང་མཉམ་དུ་རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་གཏམ་བཤད་སྤེལ་ཡོད་པ་དང་། དེ་ནས་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་མདུན་བར་སྐད་འབོད་གནང་ཞོར་གོམ་བགྲོད་བྱས་ཡོད་པ་མ་ཟད། དགོང་དྲོར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་རྒྱུ་རེད་འདུག
ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་ཁུལ་དེའི་(Masaryk Park)་མདུན་དུ་འཛོམས་ནས་སྲུང་བརྩི་གནང་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཇི་ཙམ་དམར་གསོད་བཏང་བ་དང་། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་བ། འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་བཏང་དང་གཏོང་བཞིན་པ་བཅས་ལ་གཞིགས་ནས་བཙན་བྱོལ་བོད་མི་ཚོས་གཞིས་ལུས་བོད་མི་ཚོའི་སྙིང་སྟོབས་ལ་བལྟོས་རྒྱ་ནག་གཞུང་གི་གདུག་རྩུབ་ཀྱི་སྲིད་ཇུས་ལ་གདོང་ལེན་གནང་གལ་ཆེ་བ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགགས་གཙོས་གསུངས་ཡོད་པ་རེད།
ལྷག་པར་དུ་ཕྱི་རྒྱལ་ཁག་དུ་ཡོད་པའི་བོད་མི་ཚོས་བོད་དོན་འཐབ་རྩོད་བྱས་ནས་བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུ་གལ་ཆེན་པོ་ཡིན་པ་མངའ་སྡེའི་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ནས་གསུང་བྱུང་ལ། ཁེ་ཎ་ཌའི་ས་གནས་(Ottawa)་དང་། (Vencouver) ཁལ་གྷ་རེ་(Calgary)་བཅས་སུ་ཡང་དུས་དྲན་དེ་གཅིག་མཚུངས་སྲུང་བརྩི་གནང་ཡོད་པ་རེད།
རྒྱ་གར་ལ་དྭགས་ས་གནས་སུ་བོད་མི་ཚོས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༣་པ་སྲུང་བརྩི་བྱས་ཡོད་ཀྱང་འཆར་ཅན་ལྟར་མི་ཚོགས་འཛོམས་ནས་གོམ་བགྲོད་ལས་འགུལ་སྤེལ་རྒྱུར་རྫོང་ལས་ཁུངས་ནས་ཆོག་མཆན་སྤྲད་མེད་པ་རེད་འདུག
གཞན་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མི་གནས་ཡུལ་ས་གནས་ཁག་དང་། ཀ་རྡོར་སྒང་གསུམ་བཅས་སུ་དུས་དྲན་དེ་སྲུང་བརྩི་གནང་བ་མ་ཟད། གསུམ་བཅུའི་དུས་དྲན་དང་བསྟུན་རྒྱ་གར་བྱང་ཤར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་གིས་མཉམ་དུ་རྡོ་རྗེ་གླིང་ནས་(Salugara)་ས་ལུ་སྒ་རའི་བར་གྱི་བོད་དོན་ཞི་བའི་གོམ་འགྲོད་གནང་བ་མཇུག་སྒྲིལ་འདུག
དེ་བཞིན་དབྱིན་ཡུལ་གཙོས་ཡོ་རོབ་ཀྱི་ཡུལ་གྲུ་སུད་སུ་དང་། ཧྥ་རན་སུ། ཇར་མན། བྷེལ་ཇམ་སོགས་བཙན་བྱོལ་ཡོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་གི་ཡུལ་གྲུ་གང་སའི་གྲོང་ཁྱེར་ཆེ་ཁག་དང་། རྒྱ་ནག་གཞུང་ཚབ་ཁང་གི་མདུན། གནད་འགག་ཆེ་བའི་ཐང་ཆེན་དང་སྲང་ལམ་བཅས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། བོད་དོན་ལས་འགུལ་འདྲ་མིན་སྤེལ་ནས་གསུམ་བཅུའི་དུས་དྲན་ཐེངས་༦༣པ་སྲུང་བརྩི་བྱས་འདུག
བལ་ཡུལ་དུ་བལ་ཡུལ་གཞུང་གིས་བོད་མི་གནས་སྡོད་བྱེད་ཡུལ་མཆོད་འཇོར་དང་། འཇོ་ལ་ཁེལ། འཕགས་ཤིང་། རྒྱལ་ས་བཅས་ས་གནས་གང་སར་སྒྲིག་ཆས་གྱོན་མེད་པའི་གསང་བའི་མི་སྣ་དང་། ཉེན་རྟོག་དམག་མི་སོགས་གང་མང་དཀྲམ་ནས་བོད་མི་ཚོའི་འགྲོ་སྡོད་བྱ་སྤྱོད་ཐོག་དམ་དྲག་བྱས་ཡོད་པ་དང་། རྒྱ་ནག་གཞུང་ཚབ་ཁང་གི་མདུན་སྐོར་སྲུང་བྱས་བ་བཅས་ལ་བརྟེན་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱས་ཐུབ་མེད་ཀྱང་། གཞིས་ཆགས་དང་ས་གནས་སོ་སོར་བོད་མི་ཚོས་གསུམ་བཅུའི་དུས་དྲན་མཆོད་འབུལ་སྨོན་ལམ་སོགས་ཆོས་ཕྱོགས་གྱི་ལམ་ནས་སྲུང་བརྩི་གནང་འདུག
ཉི་ཧོང་ནང་དུ་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོར། དུས་ཚོད་སྟབས་བདེ་ཡོང་ཆེད་གསུམ་བཅུའི་དུས་དྲན་དེ་སྤྱི་ཚེས་༡༢་ཉིན་སྲུང་བརྩི་གནང་འཆར་ཡོད་པ་རེད།
ཕྱོགས་བསྒྲིགས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།