བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་མང་གཙོ་དབུ་བརྙེས་ནས་མི་ལོ་དྲུག་ཅུ་རེ་གཉིས་འཁོར་འདུག





རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་བཙན་བཟུང་བྱས་བར་བརྟེན་སྤྱི་ལོ་༡༩༥༩ལོར་༧གོང་ས་མཆོག་གཙོས་བོད་མི་མང་པོ་བཙན་བྱོལ་དུ་གྱར་པ་ནས་བཟུང་། བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལམ་ལུགས་མང་གཙོའི་རིང་ལུགས་སུ་བསྒྱུར་བ་ནས། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་སྤྱི་ལོ་༡༩༦༠ལོར་མང་གཙོའི་ལམ་ལུགས་དབུས་བརྙེས་ནས་ད་བར་མི་ལོ་ཧྲིལ་བོ་༦༢འཁོར་བའི་དུས་ཆེན་དེ་འདི་ཚེས་༢ཉིན། བོད་མིའི་སྒྲིག་འཛུགས་ཡོད་པ་བཞུགས་སྒར་རྡ་རམ་སཱ་ལ་གཙོས་བོད་མི་གནས་སྡོད་ཡུལ་ལུང་དང་ས་གནས་མང་པོར་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་ཞུས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཛད་སྒོ་དེ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་ནས། མང་གཙོའི་དུས་ཆེན་ཐེངས་༦༢སྲུང་བརྩི་གནང་པ་དང་འབྲེལ། ད་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་གཞུང་འབྲེལ་ལས་དོན་སྤེལ་བཞིན་པར་བརྟེན། བཀའ་ཤག་གི་གསུང་འཕྲིན་སྲིད་ཚབ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ནས་སྒྲོག་སྦྱང་གནང་བའི་ནང་། མི་ལོ་འདི་དག་གི་རིང་། ང་ཚོས་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་གྱི་བྱེད་སྒོའི་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པ་བསྐྲུན་ཐུབ་པའི་གཞི་རྟེན་གཙོ་བོ་ཞིག་ནི། མང་གཙོའི་ལམ་སྲོལ་གསར་གཏོད་ཉམས་ལེན་དང་། ཡར་རྒྱས་འཐུས་ཚང་དུ་གཏོང་ཐུབ་ཡོད་པ་དེ་ཡིན་ཞིང་། མང་གཙོའི་ལམ་སྲོལ་འདི་ནི་བཙན་བྱོལ་དུ་གནས་པའི་རིང་ང་ཚོའི་འཐབ་རྩོད་ཀྱི་སྟོབས་ཤུགས་དང་། མདུན་སྐྱོད་ཀྱི་སྒུལ་ཤུགས་ཡིན་ལ། གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་ཤར་བའི་ཉིན་ང་ཚོས་གཞིས་བཞུགས་སྤུན་ཟླར་འབུལ་རྒྱུའི་ལེགས་སྐྱེས་རྩ་འགངས་ཆེ་ཤོས་ཤིག་ཀྱང་ཡིན། མང་གཙོའི་བྱུང་རིམ་དང་རིན་ཐང་སོགས་ཁ་གསལ་དང་། གཞན་འདི་ལོར་ཨ་མི་རི་ཀའི་གྲོས་ཚོགས་སུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་སྐུལ་འདེད་ཀྱི་ཁྲིམས་འཆར་འདོན་ཐུབ་པར། བསྔགས་བརྗོད་དགའ་བསུ་དང་ད་དུང་རྒྱལ་ཁབ་གང་མང་གིས་དེ་ལྟར་གནང་ཐབས་སུ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་འཁོད་འདུག
གཞན་ཡང་ཉེ་ལམ་བོད་ནང་ཆུ་ལོག་དང་ས་རུད། ཏོག་དབྱིབས་རིམས་ནད་ཁྱབ་གདལ་སོགས་ཀྱི་དཀའ་ངལ་ཐོག རྒྱ་ནག་གཞུང་གི་སྲིད་ཇུས་ཐལ་ཆེའི་དབང་གིས་མི་མང་གི་འཚོ་བར་དོ་ཕོག་འགྲོ་བཞིན་པར། གཞིས་བཞུགས་སྤུན་ཟླ་ཚོས་སྤྱི་ཚོགས་རྒྱང་བཀྱེད་དང་འཕྲོད་བསྟེན་སྔོན་འགོག་དང་ཆབས་ཅིག ལུང་བརྟག་ཕེབས་སྒོ་བཞིན་སྒྲོལ་མའི་གཟུངས་སྔགས་གང་མང་གྲངས་གསོག་གི་ཞེན་སྐུལ་གནང་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས། སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་མི་རིགས་དང་རིག་གཞུང་རྣམས་རྩ་མེད་ཀྱི་སྲིད་བྱུས་ངན་པ་ལག་བསྟར་བྱེད་བཞིན་པ་སོགས་ཀྱིས། བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་ཐོབ་ཐབས་བྱ་དགོས་སོགས་གསལ་སྟོན་གནང་གི་འདུག
བོད་མིའི་སྒྲིག་འཛུགས་གཞུང་མང་གི་མང་གཙོའི་དུས་ཆེན་དུ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ཆབས་ཅིག སྐུ་མགྲོན་གཙོ་བོར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ས་གནས་གྲོས་ཚོགས་འཐུས་མི་(Vishal Nehria)་ལགས་ཀྱང་ཆེད་ཕེབས་གནང་སྟེ། རྒྱ་གར་གཞུང་དང་མངའ་སྡེ་གཉིས་ཀྱིས་བོད་མི་ཚོར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསལ་སྟོན་དང་མཉམ། ཁོང་གིས་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་རྡ་རམ་ས་ལ་འདི། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུས་ལོན་དོ་སྣང་ཆེན་པོ་གནང་གི་ཡོད་པ་གསུངས་ཡོད་པ་རེད།
ད་དུང་མཛད་སྒོའི་སྐབས་གཞས་སྣ་ཞབས་བྲོ་གཟིགས་འབུལ་དང་། སྲིད་སྐྱོང་སློབ་ཡོན་བཞེས་མཁན་ཚོ་ལ་ཕྱག་ཁྱེར་ཕུལ་བ། དགའ་ལྡན་ཕོ་བྲང་གི་ལེགས་གསོལ་བྱ་དགའ་བཞེས་མཁན་སློབ་ཕྲུག་ལ་བྱ་དགའ་སྩལ་བ། ལས་བྱེད་ཞབས་ལོ་༢༥ཡན་འཁོར་བ་ཚོ་ལ་ལེགས་གསོལ་ཕྱག་ཁྱེར་སོགས་ཀྱང་བསྩལ་གནང་ཡོད་པ་རེད།
དེ་བཞིན་ལ་དྭགས་སུ་བོད་ཀྱི་མང་གཙོ་དུས་ཆེན་སྲུང་བརྩིའི་སྐབས་ལ་དྭགས་ནང་ཚོགས་ཀྱི་དབུ་སྐྱོང་ཐུབ་བསྟན་ཚེ་དབང་ལགས་སྐུ་མགྲོན་དུ་ཕེབས་ནས་གཏམ་བཤད་གནང་བ་དང་། སྒང་ཏོག་གི་མཛད་སྒོའི་ཐོག་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལ་ཆུང་པ་ཡེ་ཤེས་ལགས་ཕེབས་ནས་བོད་མི་ཚོས་སྒེར་དོན་ཁོ་ན་མིན་པར་བོད་སྤྱི་བའི་རྩ་དོན་ཐོག་ཞབས་འདེགས་སྒྲུབ་དགོས་པ་གཏམ་བཤད་གནང་ཡོད་པ་བཅས། རྒྱ་གར་ལྷོ་ཕྱོགས་སོགས་བོད་མི་གནས་སྡོད་བྱེད་ཡུལ་ཡུལ་ལུང་དང་ས་གནས་མང་པོར་རྣམ་པ་འདྲ་མིན་གྱི་ཐོག་ནས་མང་གཙོ་དུས་དྲན་ཐེངས་༦༢པ་སྲུང་བརྩི་གནང་དང་གནང་བཞིན་པ་རེད།
གསར་འགོད་པ། ས་གནས་གསར་འགོད་པ་རྣམས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།