བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པ།
2009.12.25
༄༅༎དེ་ཡང་བོད་གཞུང་གི་དྲ་གནས་ནང་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན།ཟླ་བ་འདིའི་ཚེས་ཉི་ཤུ་བདུན་ནས་དགུ་བར་ཉིན་གྲངས་གསུམ་རིང།བཞུགས་སྒར་རྡ་རམ་ས་ལའི་རྡ་ཤོད་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་ཆེན་མོའི་ནང་།བཙན་བྱོལ་བོད་གཞུང་གི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པ་དེ་བཞིན་བསྐྱང་གནང་རྒྱུ་ཡིན་པ་མ་ཟད།ཚོགས་འདུའི་ཉིན་དང་པོར་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གནང་རྒྱུ་ཡིན་འདུག
ཡང་བཀའ་བློན་ཁྲི་པ་མཆོག་གི་གསུང་བཤད་ནང་།བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་སྟངས་སྤྱི་དང་ལྷག་པར་དུ་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་གཞི་ཁག་གི་ཐོག་བཀའ་ཤག་གི་ལམ་སྟོན་གསུང་བཤད་དང་འདྲི་བ་དྲི་ལན་གནང་རྒྱུ།དེ་བཞིན་ཚོགས་ཆེན་ཐེངས་བཞི་པའི་རྗེས་སུ་ལས་དོན་ལག་བསྟར་ཇི་ལྟར་ཞུས་ཡོད་མེད་སྐོར་སོགས་སྙན་ཐོ་ཕུལ་རྒྱུ་བཅས་དང་།ཚེས་ཉི་ཤུ་བརྒྱད་ཀྱི་ཉིན་ཚོགས་ཆེན་གྱི་གྲོས་གཞིའི་ཐོག་ཚོགས་ཆུང་ཆ་བགོས་དང་མཐར་ཚོགས་ཆུང་སོ་སོའི་གྲོས་ཆོད་གཏན་འབེབས་གནང་རྒྱུ།ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་རྩ་དགུའི་ཉིན་ཆ་བགོས་ཚོགས་ཆུང་སོ་སོའི་གྲོས་ཆོད་སྙན་སེང་ཞུ་ནས་མང་མོས་ཀྱིས་ཕྱོགས་བསྡོམས་ཞུ་རྒྱུ་བཅས་རིམ་པས་ཤེས་རིག་བཀའ་བློན་མཆོག་གིས་ཚོགས་ཆེན་གྱི་མཐའ་བསྡོམས་གསུང་བཤད་གནང་རྒྱུ་དང་ཤེས་རིག་ལས་ཁུངས་ནས་ཚོགས་བཅར་ཡོངས་ལ་གཞུང་འབྲེལ་གྱི་གསོལ་སྟོན་བཤམ་རྒྱུ་བཅས་དང་དེ་བཞིན་ཕྱི་ནང་གི་འབྲེལ་ཡོད་མཁས་པ་ཁག་ཅིག་ཀྱང་གདན་འདྲེན་ཞུས་ཡོད་པ་རེད།།