རྒྱ་རིགས་དང་མཉམ་དུ་འབྲེལ་བ་བྱ་རྒྱུ་གལ་ཆེའི་ནང་གི་དོན་ཆེར་བརྩི་བཞིན་ཡོད།
2017.10.13

སྲིད་སྐྱོང་མཆོག་གིས་རྒྱ་རིགས་འབྲེལ་མཐུད་པ་ཚོས་ཕྱིར་སྡོད་རྒྱ་ནག་གཞུང་ཚབ་དང་ལས་བྱེད་པ་ཚོར་ཡིད་གཟབ་གནང་དགོས་ལུགས་གསུངས་འདུག
དེ་ཡང་ཟླ་ ༡༠ ་ཚེས་ ༡༣ ་ཉིན་རྡ་སའི་ཉེ་འཁྲིས་སུ་ཡོད་པའི་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་རྒྱ་ཡིག་ཚན་པའི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་ལས་དོན་དང་འབྲེལ་བའི་ལོ་འཁོར་ཚོགས་འདུ་ཐེངས་ལྔ་པ་དབུ་འཛུགས་གནང་ཞིང་། ཚོགས་འདུ་ཉིན་དང་པོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཏམ་བཤད་གནང་སྐབས། ང་ཚོས་རྒྱ་རིགས་དང་མཉམ་དུ་འབྲེལ་བ་བྱ་རྒྱུ་གལ་ཆེའི་ནང་གི་དོན་ཆེར་བརྩི་བཞིན་ཡོད། ང་ཚོའི་གནད་དོན་དེ་རྒྱ་མི་དང་མཉམ་དུ་སྐད་ཆ་བཤད་ནས་སེལ་དགོས་པ་གསུངས་ཤིང་། ཁོང་གིས་ཐེངས་འདིའི་ཚོགས་འདུར་ཚོགས་བཅར་བ་ཇེ་མང་དུ་བཏང་ནས་ས་ཁུལ་འདྲ་མིན་གྱི་ཚོགས་བཅར་བ་ལྔ་བཅུ་ཙམ་ལ་མཐུན་རྐྱེན་ཚང་མ་སྦྱར་ཏེ་ཚོགས་འདུ་འདི་བསྐོངས་པ་ཡིན་པ་དང་། འདིར་བཞུགས་ཚོགས་བཅར་བ་རྣམས་བརྒྱུད་ནས་རྒྱ་མི་གང་མང་མང་འབྲེལ་འདྲིས་ཐུབ་རྒྱུར་འབད་བརྩོན་གནང་དགོས་པ་གསུངས་པ་དང་སྦྲགས། ལས་དོན་ཁྲོད་རྒྱ་ནག་གཞུང་ཚབ་དང་ལས་བྱེད་པ་ཚོར་དམིགས་བསལ་ཡིད་གཟབ་གནང་དགོས་ལུགས་གསུངས་འདུག
དེ་མིན་ཡང་སྲིད་སྐྱོང་མཆོག་གིས། ང་ཚོས་རྒྱ་མི་དང་མཉམ་དུ་འབྲེལ་བ་བྱེད་དགོས་སྟབས། རྒྱ་སྐད་ཤེས་མཁན་མཁོ་གལ་ཆེ་བའི་སྐོར་གསུངས་ཤིང་། ཁོང་གིས་རྒྱ་མི་དང་མཉམ་དུ་སྐད་ཆ་ཤོད་མཁན་ཚོར་གྲ་སྒྲིག་དང་ཟབ་སྦྱོང་ཡག་པོ་སྤྲད་དེ་སྔོན་ཚུད་ནས་་གྲ་སྒྲིག་ཡག་པོ་བྱས་ན་མ་གཏོགས། རྒྱ་མི་དང་མཉམ་དུ་སྐད་ཆ་བཤད་ནས་ལས་དོན་རིགས་ཀྱི་ཐད་བགྲོ་གླེང་བྱེད་རྒྱུ་ལས་སླ་བོ་མིན་པ་གསུངས་འདུག
སྲིད་སྐྱོང་མཆོག་གིས་མ་འོངས་པར་ཡང་ཚོགས་འདུ་འདི་ལྟ་བུ་མུ་མཐུད་ནས་ཚོགས་རྒྱུ་མ་ཟད། གཞི་རྒྱ་ཡང་ཇེ་ཆེར་གཏོང་འཆར་ཡོད་པ་གསུངས་ཡོད་པ་རེད།
ཚོགས་འདུར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེའི་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། ནེའུ་ཡོག་གྲོང་ཁྱེར་སློབ་ཆེན་གྱི་རྒྱ་རིགས་དགེ་རྒན་ཆེན་མོ་སྐུ་ཞབས་ཞ་རྨིན་ལགས་ཀྱིས་གཙོས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་རྒྱ་རིགས་འབྲེལ་མཐུད་པ་དང་རྒྱ་ཡིག་ཤེས་མཁན་བཅས་ཚོགས་བཅར་བ་༤༧་ཆེད་ཕེབས་གནང་ཡོད། ཚོགས་འདུ་དེ་བཞིན་ཟླ་ ༡༠ ་ཚེས་ ༡༣ ་ནས་༡༧་བར་འཚོགས་རྒྱུ་ཡིན་པ་རེད།
གསར་འགོད་པ་སྟག་ལྷ་རྒྱལ།