༸གོང་ས་མཆོག་ནས་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་དུ་གསུང་ཆོས།
2009.12.01
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིར་ཞབས་སོར་འཁོད་གནང་མཛད་ཡོད་པ་དང་ཕྱི་ཟླ་བཅུ་གཉིས་པའི་ཚེས་གཅིག་དང་གཉིས་བཅས་ཉིན་གྲངས་གཉིས་རིང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་སྒོ་ནས་གསུང་ཆོས་སྩལ་གནང་མཛད་རྒྱུ་ཡིན་ཞིང་དེ་རིང་ཉིན་དང་པོའི་གསུང་ཆོས་སྐབས་ཐཡེ་ལེནཌ་དང་ ལྦིཡེཏ་ནམ་ བོད་རིགས་ དེ་མིན་གྱི་ཡུལ་གྲུ་མང་པོ་ནས་དད་ལྡན་ཆོས་ཞུ་བ་ལྔ་སྟོང་ཙམ་གསུང་ཆོས་ཞུ་བར་བཅར་ཡོད་པ་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་བཀོད་འདུག།
ཐོགས་མར་གསུང་ཆོས་དབུ་འཛུགས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སླར་ཡང་ཨོ་སི་ཀྲོ་ལི་ཡའི་ནང་ཞབས་སོར་འཁོད་གནང་མཛད་པར་གྲོང་ཁྱེར་སི་ཌི་ནིའི་ནང་གི་ཨི་ཡོ་ར་གདོད་མའི་ལུང་པའི་ཀ་ཌི་གཱལ་ཞེས་པའི་མི་རིགས་ཀྱིས་སྲོལ་རྒྱུན་གྱི་དགའ་བསུའི་འཚམས་འདྲི་ཞུས་ཡོད་པ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་དབུ་འཛུགས་སྐབས་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་དབར་ལྟ་གྲུབ་འདྲ་མིན་ཡོད་ཀྱང་ཚང་མར་ནང་སེམས་ཀྱི་ཞི་བདེ་བསྐྲུན་པར་བྱེད་པའི་ནུས་པ་ཡོད་པ་གཅིག་མཚུངས་ཡིན་པར་མ་ཟད་ཆོས་ལུགས་ཆེ་ཁག་ཚང་མས་སྙིང་རྗེ་དང་བཟོད་སྲན་སོགས་ཀྱི་བསླབ་བྱ་གཅིག་མཚུངས་བྱེད་ཀྱི་ཡོད་པ་བཀའ་གནང་ཡོད་པ་རེད། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་སེམས་རྒྱུད་ཀྱི་ཁོང་ཁྲོ་དང་ང་རྒྱལ་ལ་སོགས་པ་ཉོན་མོངས་པའི་བློ་དེ་དག་སྐྱེས་པར་བྱེད་པའི་ཡུལ་གཙོ་བོ་ནི་དངོས་པོའི་གནས་ལུགས་ཕྱིན་ཅི་ལོག་ཏུ་ཞེན་པའི་བློ་བདག་འཛིན་མ་རིག་པ་དེ་ཡིན་པ་བཀའ་གནང་ཡོད་པ་རེད། གསུང་ཆོས་ཀྱི་བར་མཚམས་སུ་ཨོ་སི་ཀྲོ་ལི་ཡའི་བོད་རིགས་ཚོགས་པའི་ཚོགས་མི་ཚོར་མང་མཇལ་བཀའ་སློབ་སྩལ་གནང་མཛད་ཡོད་པ་དང་ ཡུལ་གྲུ་དེའི་ནང་གི་ས་གནས་འདྲ་མིན་ནས་བཅར་བའི་བོད་རིགས་ལྔ་བརྒྱ་ཙམ་འདུ་འཛོམས་བྱུང་འདུག་ཅིང་དེའི་ཐོག་སོག་པོའི་མི་རིགས་བརྒྱ་སྐོར་ཞིག་ཀྱང་མཉམ་བཅར་ཞུས་འདུག། བོད་རིགས་དང་སོག་རིགས་ཀྱི་མཇལ་ཁ་དེའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེང་དུས་ཀྱི་ཤེས་ཡོན་སྦྱང་བརྩོན་བྱ་རྒྱུར་དམིགས་བསལ་དོ་སྣང་བྱེད་དགོས་པ་དང་མཐོ་རིམ་སློབ་གྲྭ་ཁག་ཏུ་བསྐྱོད་སྟེ་ཆེད་ལས་འདྲ་མིན་གྱི་ནང་རང་མགོ་འཕེར་ངེས་བྱ་དགོས་གལ་ཆེ་བ་སོགས་ཀྱི་བཀའ་སློབ་ཕེབས་ཡོད་པ་རེད།
ད་རེས་གསུང་ཆོས་སུ་བཅར་མཁན་ཚང་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་སྨོན་བྱིན་རླབས་གནང་པའི་སོན་འབྲས་ཀྱི་ཤོག་ཆག་རེ་གནང་རྒྱུ་ཡིན་འདུག་ཅིང་འདི་ནི་ཨོ་སི་ཀྲོ་ལི་ཡའི་གདོད་མའི་ཤིང་འབྲས་ཀྱི་ས་བོན་ཞིག་ཡིན་འདུག།
སང་ཉིན་ཕྱི་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་རྒྱ་རིགས་དང་ལྦིཡེཏ་ནམ་གྱི་མི་རིགས་ཚོར་མང་མཇལ་བཀའ་སློབ་སྩལ་གནང་མཛད་རྒྱུའི་མཛད་འཆར་ཡོད་པ་རེད།