བོད་ཀྱི་ནག་ཆུ་ས་ཁུལ་དུ་འགུལ་ཚད་ ༥།༧ ཅན་གྱི་ས་ཡོམ་རྒྱབ་ཡོད་པ།
ཕྱི་ཟླ་ ༦ ཚེས་ ༡ ཉིན་བོད་ཀྱི་ནག་ཆུ་ས་གནས་ཉི་མ་རྫོང་ཁུལ་དུ་འགུལ་ཚད་ ༥།༧ གི་ས་ཡོམ་རྒྱབ་ཡོད་པ་ཨ་རིའི་ས་ཡོམ་དཔྱད་རིག་ལས་ཁང་གིས་གནས་ཚུལ་བཀོད་ཡོད་ཅིང་། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ཟླ་ ༦ ཚེས་ ༡ ཚོུད་༨།༤༦ ཙམ་དུ་ཉི་མ་རྫོང་ཁུལ་དུ་ས་ཡོམ་རྒྱབ་པའི་སྐོར་རྒྱ་ནག་ས་ཡོམ་བརྟག་དཔྱད་ལས་ཁང་གི་སྙན་ཐོ་ལུང་འདྲེན་བྱས་འདུག
ས་ཡོམ་རྒྱབ་ས་དེ་བཞིན་ནག་ཆུ་ཁུལ་ཉི་མ་རྫོང་ནས་འགྱངས་ཐག་ཀི་ལོ་མི་ཊར་ ༢༧༥ ཙམ་གྱི་སར་འཁེལ་ཞིང་། བོད་ཀྱི་རྒྱལ་ས་ལྷ་ས་ནས་འགྱངས་ཚད་ཀི་ལོ་མི་ཊར་ ༦༧༢ ཙམ་གྱི་སར་འཁེལ་ཡོད་འདུག ས་ཡོམ་རྒྱབ་སའི་ས་ཁུལ་དེ་བཞིན་མི་གནས་སྡོད་བྱེད་མཁན་མེད་པའི་བྱང་ཐང་ས་གནས་ཡིན་པ་དང་། ཉི་མ་རྫོང་ཁུལ་དུ་ས་ཡོམ་གྱི་འགུལ་ཚད་ཆེན་པོ་བྱུང་མེད་ཀྱང་། འབྲེལ་ཡོད་མི་སྣས་ས་ཡོམ་བྱུང་སའི་ས་ཁུལ་དུ་དངོས་ཡོད་གནས་སྟངས་བརྟག་དཔྱད་བྱེད་པར་བཏང་ཟིན་ལུགས་དང་། ད་ལྟའི་ཆར་མིར་ཤི་རྨས་དང་རྒྱུ་དངོས་ལ་གནོད་སྐྱོན་ཕོག་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་རེད།།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།