བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་འདུ།


2014.08.15
བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་འདུ་ཐེངས་བཞི་བ་ཚོགས་བཞིན་པ། ༢༠༡༤།༨།༡༥ བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་འདུ་ཐེངས་བཞི་བ་ཚོགས་བཞིན་པ། ༢༠༡༤།༨།༡༥
ཨེ་ཤེ་ུ་རང་དབང་རླུང་འཕྲིན། པ་སངས་དོན་ལྡན

བྱང་ཨ་མི་རི་ཀའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་འདུ་ཐེངས་བཞི་པ་ཨ་རིའི་རྒྱལ་སར་དབུ་བཙུགས་གནང་ཡོད་པ་རེད།
དེ་ཡང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སི་ཁུལ་དུ་རྟེན་གཞི་བྱེད་པའི་མེ་རེཊ་སྒེར་པའི་སློབ་གྲྭར། ཕྱི་ཚེས་༡༥ཉིན་བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་འདུ་ཐེངས་བཞི་པ་དབུ་འཛུགས་གནང་ཡོད་པ་དང་། ཕྱི་ཚེས་༡༥ནས་༡༧བར་སྐོང་ཚོགས་གནང་རྒྱུའི་ད་རེས་ཀྱི་ཚོགས་འདུ་དེའི་ཐོག་བྱང་ཨ་རི་ཁུལ་གྱི་ས་གནས་ཁག་འདྲ་མིན་ནས་ཚོགས་བཅར་བ་༣༠ཙམ་ཕེབས་འདུག
ཚོགས་འདུ་དབུ་འཛུགས་ཀྱི་ཐོག་མ་ཨ་རི་བོད་ཀྱི་སྐུ་ཚབ་དོན་ཁང་གི་ལེ་ཊིན་ཨ་མེ་རི་ཀའི་འབྲེལ་མཐུད་པ་ཚེ་དབང་ཕུན་ཚོགས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་སྦྲགས་འདས་པའི་ཚོགས་ཆེན་སྐོར་ལ་བསྐྱར་ཞིབ་དང་ད་ལྟའི་ཚོགས་ཆེན་གྱི་གྲོས་གཞི་སོགས་ཀྱི་ཐོག་ལ་ངོ་སྤྲོད་གནང་སོང་།
ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཕེབས་པའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་ཚོགས་ཆེན་དང་འབྲེལ་བའི་གསུང་བཤད་གནང་སྐབས། ད་རེས་ཀྱི་ཚོགས་འདུ་དེའི་ཐོག་སྔོན་འགྲོ་དང་འཛིན་གྲྭ་གཉིས་པའི་སློབ་དེབ་གཏན་འབེབས་གནང་ཐུབ་པའི་རེ་བ་གནང་གི་ཡོད་པ་དང་། རིམ་པས་སློབ་གྲྭ་ཚང་མའི་ནང་ཆ་སྙོམས་ཀྱིས་བེད་སྤྱོད་ཡོང་བའི་ཐུགས་རེ་གནང་གི་ཡོད་སྐོར་གསུངས་སོང་། ཁོང་གིས་ད་དུང་། ད་རེས་ཀྱི་ཚོགས་འདུ་དེའི་ཐོག་སློབ་གྲྭའི་འཛིན་སྐྱོང་གི་ཐོག་ལ་བཀའ་བསྡུར་དགོས་པ་དེ་གལ་ཆེན་པོ་གཟིགས་ཀྱི་ཡོད་སྐོར་སོགས་གསུངས་ཡོད་པ་རེད།
ཡང་ད་རེས་ཀྱི་ཚོགས་ཆེན་འདིའི་ནང་ཆེད་དུ་ཕེབས་པའི་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་གལ་ཆེ་ཤོས་དེ་བོད་ཕྲུག་རྣམ་ནས་བོད་སྐད་རྒྱག་དགོས་ཀྱི་ཡོད་པ་དང་། དེའི་ཐད་ཕ་མ་ཚོས་དམིགས་བསལ་འགན་བཞེས་དགོས་ཀྱི་ཡོད་སྐོར་གསུངས་སོང་།
ཕྱོགས་མཚུངས་དགེ་རྒན་ཕ་མའི་ཐུག་འཕྲད་ཡང་ཡང་དགོས་པ་གལ་ཆེན་པོ་ཡིན་པ་ནན་ཏན་གྱིས་གསུངས་གནང་ཡོད། ཁོང་གིས་མུ་མཐུད་དུ། སྲིད་སྐྱོང་གིས་དབུ་ཁྲིད་པའི་དབུས་བོད་མིའི་སྒྲིག་འཛུགས་ནས་འཛིན་སྐྱོང་གི་ལས་དོན་གལ་ཆེ་ཤོས་དེ་ཤེས་ཡོན་དུ་ངོས་འཛིན་ཐོག་ལས་དོན་སྣ་མང་སྤེལ་ཡོད་པའི་སྐོར་ལ་ངོ་སྤྲོད་གནང་སྐབས། ཤེས་ཡོན་སྲིད་བྱུས་ལག་བསྟར་སྤུས་གཙང་ཡོང་རྒྱུར་སློབ་ཚན་བོད་བསྒྱུར་གནང་རྒྱུ་དང་། དགེ་རྒན་ལ་ཟབ་སྦྱོང་གནང་རྒྱུ་སོགས་ཀྱི་ལས་དོན་སྣ་མང་སྤེལ་བཞིན་ཡོད་པ་དང་། སློབ་ཁྲིད་གནང་ཕྱོགས་ལ་གཞིགས་ན། དགེ་རྒན་ཚོས་འཛིན་གྲྭའི་ནང་སློབ་ཁྲིད་གནང་བ་ཙམ་མ་ཡིན་པར། སློབ་ཕྲུག་རྣམས་ཕྱི་ཕྱོགས་སུ་ཁྲིད་ནས་སློབ་ཁྲིད་བྱ་རྒྱུའི་ལམ་སྲོལ་གྱི་ཐོག་ལ་གོམ་པ་མདུན་སྐྱོད་གནང་བཞིན་ཡོད་སྐོར་སོགས་གསུངས་གནང་སོང་།
ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོ་གྲུབ་རྗེས་ཚོགས་བཅར་བ་རྣམས་ནས་རང་རང་སོ་སོ་ངོ་སྤྲོད་གནང་ཡོད་པ་དང་། དེའི་རྗེས་འདས་པའི་ཚོགས་འདུའི་གྲོས་ཆོད་ལ་བསྐྱར་ཞིབ་དང་། ད་རེས་ཀྱི་ཚོགས་འདུ་དེའི་གྲོས་གཞི་ཁག་གི་ཐོག་ལ་བཀའ་བསྡུར་གནང་འགོ་བཙུགས་གནང་ཡོད་པ་རེད།།
བོད་མིའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་ཐོག་དུས་དང་རྣམ་པ་ཀུན་ཏུ་བཀའ་སློབ་ཟབ་ནན་ཏན་གནང་བའི་དགོངས་དོན་ལྟར། ཨ་མི་རི་ཀ་དང་ཡོ་རོབ་ཀྱི་རྒྱལ་ཁབ་འདྲ་མིན་ནང་གཞིས་སྤོས་བྱས་པའི་བོད་མིའི་བུ་ཕྲུག་ཚོར་ཉེ་བར་མཁོ་བའི་དེང་དུས་ཀྱི་ཤེས་ཡོན་ཐོག་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་བོད་པའི་སྐད་ཡིག་བཅས་པ་ཤེས་སྦྱོང་མཉམ་སྦྱར་ཡོང་བ་གལ་ཆེ་ནན་ཏན་དུ་ངོས་འཛིན་བྱེད་དགོས་པ་བོད་ཀྱི་རྩ་དོན་དང་ཡང་འབྲེལ་བ་ཡོད་པ་ཀུན་གྱིས་གནད་འགག་འཇོག་མུས་ལ་བརྟེན་ཕུགས་རྒྱང་རྒྱ་ཆེའི་དམིགས་ཡུལ་དེ་སྙིང་ལ་རྟག་ཏུ་བཅངས་ཏེ་ཨ་མི་རི་ཀའི་མངའ་སྡེ་འདྲ་མིན་ནང་གནས་ཞིང་། གསར་སྐྱེས་འཚར་ལོངས་བྱེད་བཞིན་པའི་བོད་པའི་བུ་ཕྲུག་ཚོར་ས་གནས་བོད་མིའི་མཐུན་ཚོགས་ཀྱིས་འགན་འཁུར་བླངས་ཏེ་གཟའ་སྤེན་པ་དང་། ཉི་མའི་གུང་གསེང་དང་སྟབས་བསྟུན་ཏེ་བོད་ཡིག་གི་འཛིན་གྲྭ་ཚུགས་བཞིན་ཡོད་པ་རེད།

གསར་འགོད་པ་པ་སངས་དོན་ལྡན་དང་འབེན་པ་སྟོབས་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎