ཤིན་ཅང་གི་ལྟེ་བའི་གྲོང་ཁྱེར་དུ་འབར་གས་ཁྲོད་མི༣༡བསད་འདུག
2014.05.22
ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆིའི་ནང་འབར་རྫས་གས་ཐོར་འོག་མི་གྲངས་༣༡རྐྱེན་ལམ་དུ་ཕྱིན་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། སྤྱི་ཟླ༥་པའི་ཚེས་༢༢ཉིན་གྱི་སྔ་དྲོ་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆིའི་ཚོང་ར་ཞིག་གི་ཕྱོགས་གཉིས་ནས་གློ་བུར་མོ་ཊ་གཉིས་བཏང་ཡོང་བ་དང་། མོ་ཊའི་ནང་ནས་ཕྱིར་འབར་རྫས་གཡུགས་པ་དང་དུས་མཚུངས་མོ་ཊ་གཅིག་འབར་གས་བྱས་ནས་ཉུང་མཐར་མི་གྲངས་༣༡ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། མི་གྲངས་༩༠ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་འདུག ཤིན་ཅང་ས་གནས་ཀྱི་ཐན་ཤན་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པའི་ནང་འབར་རྫས་གས་ཐོར་གྱི་དོན་རྐྱེན་དེ་ནི་ཧ་ཅང་གི་ཚབས་ཆེ་བའི་འཇིགས་སྐུལ་དྲག་སྤྱོད་ཀྱི་དོན་རྐྱེན་ཞིག་ཡིན་ལུགས་འཁོད་ཡོད་པ་མ་ཟད། རྒྱ་ནག་དབུས་བརྙན་འཕྲིན་བརྒྱུད་ལམ་ཐོག་ནས་ཀྱང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་དོན་རྐྱེན་དེ་མགྱོགས་མྱུར་རྩད་ཞིབ་བྱས་ནས་འཇིགས་སྐུལ་དྲག་སྤྱོད་པར་རྡུང་རྡེག་ནན་པོ་གཏོང་དགོས་ལུགས་བརྗོད་ཡོད་པའི་གནས་ཚུལ་སྤེལ་བཞིན་ཡོད་འདུག
ད་ལྟའི་ཆར་ཤིན་ཅང་ཨུ་རུམ་ཆིའི་ནང་སྤེལ་བའི་འབར་གས་ཀྱི་དོན་རྐྱེན་དེ་སུས་སྤེལ་མིན་ཁས་ལེན་བྱེད་མཁན་བྱུང་མེད་ཅིང་། རྒྱ་ནག་ཉེན་རྟོག་ལས་ཁང་གིས་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་ནག་ཉེན་རྟོག་བློན་ཆེན་ཀོའོ་ཧྲང་ཁུན་གྱིས་སྣེ་ཁྲིད་པའི་ལས་དོན་ཚོགས་ཆུང་ཞིག་ཨུ་རུམ་ཆིའི་ནང་བསྐྱོད་བཞིན་པ་དང་། རྒྱ་ནག་ཉེན་རྟོག་ལས་ཁང་གིས་ཛ་དྲག་གི་འབྲེལ་ཡོད་ལས་དོན་ཁག་འགོ་བཙུགས་ཟིན་ལུགས་སོགས་འཁོད་འདུག ཉེ་བའི་ཆར་ཤིན་ཅང་ས་གནས་ནང་དྲག་ཟིང་གི་དོན་རྐྱེན་རིམ་པ་ཐོན་ཡོད་ཅིང་། ཉེ་དུས་རང་ཨུ་རུམ་ཆིའི་མེ་འཁོར་འབབ་ཚུགས་སུ་འབར་རྫས་གས་ཐོར་བཏང་ནས་མི་གྲངས་གསུམ་རྐྱེན་འདས་སུ་ཕྱིན་པ་དང་མི་གྲངས་༧༩ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད། ཡུ་གུར་བ་ཚོས་བཤད་ན་རྒྱ་ནག་གཞུང་གིས་ཡུ་གུར་བའི་ཐོག་གདུག་རྩུབ་ཆེ་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པས་ཡུ་གུར་བ་ཚོར་དཀའ་ངལ་ཆེན་པོ་ཡོད་པ་རེད།
དེ་ནི་སྤྱི་ཚེས་༢༡ཉིན་ཤིན་ཅང་ངམ་ཤར་ཏུར་ཀི་སི་ཝན་གྱི་ཆེས་མཐོའི་ཁྲིམས་ཁང་ནས་ཡུ་གུར་བ་མི་གྲངས་༣༩ལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བ་སོགས་ཀྱི་ཉེས་འཛུགས་བྱས་ནས་དུས་ཡུན་མི་ལོ་༣ནས་༡༥བར་གྱི་དུས་བཀག་འདྲ་མིན་གྱི་ཁྲིམས་ཐག་བཅད་པའི་ཕྱི་ཉིན་བསྐྱར་དུ་འབར་གས་དོན་རྐྱེན་འདི་བྱུང་བ་ཡིན་འདུག
གསར་འགོད་པ་འཆི་མེད།
2014-05-21 དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བའི་ཉེས་འཛུགས་འོག་ཤིན་ཅང་གི་ཡུ་གུར་བ་མི་གྲངས་༣༩ལ་ རྒྱ་ནག་གིས་མི་ལོ་༡༥བར་གྱི་ཚད་གཞི་མི་འདྲ་བའི་ཁྲིམས་ཐག་བཅད་འདུག
རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་སྔོན་ཕྱི་ཟླ་༣པའི་ཚེས་༢༩ཉིན་རྒྱ་ནག་ལྷོ་བྱང་ཁུལ་གྱི་Kunming གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་སུ་གྲི་བརྒྱབ་སྟེ་མི་གྲངས་༢༩རྐྱེན་ལམ་དུ་སོང་བ་དང་། མི་གྲངས་༡༤༣ ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་དང་། དེ་བཞིན་འདི་ལོ་ཕྱི་ཟླ་༥པའི་ནང་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆིའི་མེ་འཁོར་འབབ་ཚུགས་སུ་འབར་རྫས་ཀྱི་རྒོལ་རྡུང་འོག་མི་གསུམ་རྐྱེན་འདས་དང་། མི་གྲངས་༧༩ཙམ་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་རེད། རྒྱ་ནག་གཞུང་གིས་གཏོར་རྒོལ་གྱི་ལས་འགུལ་དེ་དག་ཤར་ཏུར་ཀི་སི་ཐན་གྱི་ཁ་བྲལ་ཤོག་ཁག་གིས་སྤེལ་བའི་ལས་འགུལ་ཡིན་པར་སྐྱོན་འཛུགས་བྱས་པའི་ཐོག་དོགས་གཞི་ཅན་གྱི་ཡུ་གུར་བ་མི་གྲངས་༢༣༢ཙམ་དོ་དམ་འཛིན་བཟུང་བྱས་ཏེ་དེའི་ནང་ནས་མི་གྲངས་༧༡ལ་ཁྲིམས་ཐོག་ནག་ཉེས་བཙུགས་ཡོད་པ་རེད། ཚེས་༢༡ཉིན་ཤིན་ཅང་ངམ་ཤར་ཏུར་ཀི་སི་ཝན་གྱི་ཆེས་མཐོའི་ཁྲིམས་ཁང་ནས་ཡུ་གུར་བ་མི་གྲངས་༣༩ལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བ་འམ་ཡང་ན་བརྒྱུད་སྐུལ་བྱས་པ། ཁྲིམས་འགལ་གྱི་ཐོག་ནས་སྒྲ་འཇུག་བྱས་པའི་ཁ་བྲལ་གྱི་ལྟ་བ་ཁྱབ་སྤེལ་བྱས་པ་དང་། མི་རིགས་ཀྱི་སྡང་འཛིན་ཀུན་སློང་བྱས་པ། དེ་བཞིན་ཁྲིམས་འགལ་གྱི་ཐོག་ནས་གོ་མཚོན་བཟོ་བསྐྲུན་བྱས་པ་སོགས་ཀྱི་ནག་ཉེས་འོག་བཙུགས་ནས་ཁོང་ཚོར་ལོ་ངོ་༡༥བར་གྱི་བཙོན་དུས་ཁྲིམས་ཐག་བཅད་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།