རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྤྱི་བསྒྲགས་སྤེལ་བ།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་༣༠༠ས་རང་དབང་གོང་མཐོར་གཏོང་དགོས་པའི་སྤྱི་བསྒྲགས་ཤིག་གི་ཐོག་མིང་རྟགས་བཀོད་ཡོད་འདུག

2008.12.09

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་བརྩི་བཀུར་ཞུ་རྒྱུའི་ཁྲིམས་ཡིག་གཏན་འབེབས་གནང་སྟེ་ལོ་ངོ་དྲུག་བཅུ་འཁོར་རྒྱུའི་སྔ་ནུབ་སྟེ་གཟའ་མིག་དམར་ཉིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བརྒྱ་ཕྲག་འགའ་ཤས་ཀྱིས་རྒྱ་ནག་ནང་རང་དབང་གོང་མཐོར་གཏོང་དགོས་པའི་སྤྱི་བསྒྲགས་ཤིག་གི་ཐོག་མིང་རྟགས་བཀོད་ཡོད་འདུག་ཅིང་འོན་ཀྱང་སྤྱི་བསྒྲགས་དེ་བཞིན་ཡོངས་ཁྱབ་འགྲེམས་སྤེལ་མ་བྱས་གོང་ནས་ཉེན་རྟོག་མི་སྣས་མིང་རྟགས་བཀོད་མཁན་གྱི་གྲས་ནས་མི་གཉིས་འཛིན་བཟུང་བྱས་ཡོད་པ་རེད།

༡༠༠༨ཀྱི་རྩ་འཛིན་ཡིག་ཆ་ཞེས་མིང་བཏགས་པའི་སྤྱི་བསྒྲགས་དེ་བཞིན་ཨིན་ཀྲར་དྲ་གནས་ཐོག་བཀོད་སྤེལ་བྱས་ཡོད་པ་དང་ཡིག་ཆ་དེར་རྒྱ་ནག་ནང་གི་ཁྲིམས་རྩོད་པ་དང་རྩོམ་པ་པོ།དབྱེ་ཞིབ་པ་དང་སྒྱུ་རྩལ་བ་སོགས་སྤྱི་ཚོགས་ཀྱི་སྡེ་ཁག་འདྲ་མིན་ནས་འདུས་པའི་མི་སྣ་གསུམ་བརྒྱ་ལྷག་གིས་མིང་རྟགས་བཀོད་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་ནང་བསྒྱུར་བཅོས་དགོས་རྒྱུའི་ཡོངས་གྲགས་ཀྱི་ཡིག་ཆ་འདི་ལྟར་འགྲེམས་སྤེལ་བྱས་པ་དེ་ནི་རྒྱུན་ལྡན་ཞིག་མི་པ་འགྲེལ་བརྗོད་བྱས་འདུག

སྤྱི་བསྒྲགས་ཀྱི་ཡིག་ཆ་དེའི་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུར་དོན་ཚན་བཅུ་དགུ་ཅན་གྱི་བསམ་འཆར་བཏོན་ཡོད་པའི་ཁོངས་སུ་རང་དབང་ཅན་གྱི་ཁྲིམས་ལུགས་ལས་དོན་ཡར་རྒྱས་གཏོང་དགོས་པ་དང་འདུ་ཚོགས་བྱས་པའི་རང་དབང་ཡོད་དགོས་པ།ཚོགས་པ་གཅིག་གིས་བཟུང་པའི་སྲིད་དབང་མཇུག་བསྒྲིལ་དགོས་རྒྱུ་སོགས་འཁོད་ཡོད་པ་རེད།

སྤྱི་བསྒྲགས་དེར་མིང་རྟགས་བཀོད་མཁན་གྲས་ཁྲིམས་རྩོད་པ་མོ་ཧྲའོ་ཕིང་གིས་སྤྱི་བསྒྲགས་འདིའི་ནང་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་ཀྱི་ནང་འཁོད་པའི་གསར་འགོད་རང་དབང་དང་འདུ་ཚོགས་རང་དབང༌།རང་དབང་ལྡན་པའི་ཁྲིམས་ལུགས་ལས་དོན།ཆོས་དད་རང་དབང་དང་ཁོར་ཡུག་སྲུང་སྐྱོབ་དར་སྤེལ་བྱ་ཕྱོགས་སོགས་གསལ་སྟོན་བྱས་ཡོད་པ་ལས་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བའི་དོན་གནད་གཅིག་ཀྱང་འཁོད་མེད་པ་གསལ་བཤད་གནང་འདུག

འོན་ཀྱང་རྒྱ་མིའི་ཉེན་རྟོག་མི་སྣས་གཟའ་ཟླ་བའི་ཉིན་སྤྱི་བསྒྲགས་ཀྱི་ཡིག་ཆའི་ཟིན་བྲིས་བཟོ་མཁན་གྲས་ཀྲང་ཀྲུ་ཧའི་ཁྱིམ་དུ་ཡོང་སྟེ་ཁོ་པ་ཆུ་ཚོད་བཅུ་གཉིས་རིང་འཛིན་བཟུང་དོ་དམ་དང་འདྲི་རྩད་བྱས་ཡོད་པར་མ་ཟད་༢༠༠༨ཀྱི་རྩ་འཛིན་ཡིག་ཆ་བཟོ་རྒྱུའི་ལས་དོན་ནང་ཐེ་བྱུས་བྱ་རྒྱུ་མེད་པའི་ཉེན་བརྡ་ཡང་བཏང་འདུག

དེ་བཞིན་ཕྱི་ལོ་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་མང་གཙོའི་ལས་དོན་གྱི་དོན་རྐྱེན་འོག་བཙོན་དུ་ཚུད་པ་ལིའུ་ཤའོ་སྦོ་ཡང་འཛིན་བཟུང་བྱས་ཡོད་འདུག ཁོང་ནི་ཁ་ཤུགས་ཆེ་བའི་རྩོམ་པ་པོ་ཞིག་དང་རྒྱ་ནག་གཞུང་གི་ཆབ་སྲིད་ལམ་ལུགས་ལ་སྐྱོན་བརྗོད་ཆེན་པོ་གནང་མཁན་ཞིག་ཀྱང་ཡིན་པ་རེད། ཁོང་གཟའ་ཟླ་བའི་ཉིན་འཛིན་བཟུང་བྱས་རྗེས་གློད་གྲོལ་བྱུང་ཡོད་མེད་ད་ལྟ་གནས་ཚུལ་གསལ་པོ་ཤེས་རྟོགས་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎