༸གོང་ས་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་སྐོར་དངོས་བྱུང་གློག་བརྙན།
2010.06.02
༄༅༎ཕེ་རན་སིའི་གློག་བརྙན་བཟོ་སྐྲུན་བྱེད་མཁན་ལོའོ་ཀྲ་སི་དང་འཇར་མན་གྱི་གྲོང་ཁྱེར་བར་ལིང་ནང་རྟེན་གཞི་བྱས་པའི་གློག་བརྙན་བཟོ་སྐྲུན་གནང་མཁན་ཞིག་མཐུན་མོངས་ཐོག་ནས་དབྱིན་སྐད་ཐོག་The Last callཞེས་འབོད་པ་བོད་ཀྱི་རིག་གཞུང་དང་དུས་རབས་བཅུ་བཞི་ནས་བཟུང་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་མགྱོགས་མྱུར་དཔར་ལེན་བྱེད་འཆར་ཡོད་པ་དང་ དངོས་བྱུང་གློག་བརྙན་དེའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུ་བའི་ཐོག་ནས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་མཚོན་པ་ཞིག་དཔར་རྒྱག་བྱ་རྒྱུ་དང་དེ་མིན་དངོས་བྱུང་གློག་བརྙན་དེའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་གནས་ཚུལ་སྤེལ་བའི་ནང་ སྙན་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་པ་ནང་ཆོས་ཉམས་ལེན་གནང་མཁན་ཤེ་རེན་སི་ཀྲོན་དང་རི་ཆ་དྲི་གིཡར་རྣམ་གཉིས་ཡང་གློག་བརྙན་དེའི་ནང་དཔར་ལེན་བྱས་ཡོད་པ་རེད་ལ་ དེ་མིན་ནང་ཆོས་ཉམས་ལེན་གནང་མཁན་དང་བོད་ཀྱི་ཆོས་དང་ལོ་རྒྱུས་ཐོག་རྒྱུས་མངའ་ཧ་ཅང་ཆེ་བའི་མི་སྣ་ཁག་ཅིག་ཡང་གློག་བརྙན་དེའི་ནང་དཔར་ལེན་བྱས་ཡོད་པའི་སྐོར་བཀོད་འདུག མ་དངུལ་ཨ་སྒོར་ས་ཡ་བཞི་དང་གྲངས་ཆུང་དགུ་ཙམ་གནས་ཀྱི་ཡོད་པའི་བོད་ཀྱི་རིག་གཞུང་དང་༧གོང་ས་ཏཱ་ལའི་བླ་མ་རིམ་བྱོན་གྱི་ལོ་རྒྱུས་མཚོན་པའི་དངོས་བྱུང་གློག་བརྙན་དེ་བཞིན་ད་ལོ་ཕྱི་ཟླ་བརྒྱད་པ་དང་དགུ་པའི་ནང་དངོས་སུ་དཔར་ལེན་བྱེད་རྒྱུ་ཡིན་པ་དང་དངོས་བྱུང་གློག་བརྙན་དེ་རྒྱ་གར་གྱི་ལ་དྭགས་ཁུལ་དང་དེ་མིན་རྒྱ་གར་གྱི་ས་ཁུལ་གཞན་ཁག་ཅིག་ནང་དཔར་ལེན་བྱ་རྒྱུ་ཡིན་འདུག