ཁུ་ནུར་དུས་འཁོར་དབང་ཆེན་སྩལ་ནས་མི་ལོ་༢༥འཁོར་བ།
2016.08.21

༄༅༎ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༨ བོད་ཟླ་ ༦ པའི་ཚེས་ ༡༥ ཉིན་རྒྱ་གར་བྱང་ཕྱོགས་ཧི་མལ་ཅལ་མངའ་སྡེ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ས་ཁུལ་དུ་ཁུ་ནུ་ནང་པའི་ཆོས་ཚོགས་ཀྱིས་གོ་སྒྲིག་འོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུལ་དེར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་གཞི་རྒྱ་ཆེ་བ་ཞིག་སྲུང་བརྩི་ཞུས་འདུག་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དྲན་མཛད་སྒོར་དེར་ཆེད་དམིགས་ཤོག་ངོས་གསུམ་ཅན་གྱི་གསུང་འཕྲིན་ཞིག་སྩལ་གནང་མཛད་འདུག
མཛད་སྒོ་དེའི་ཐོག་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ Jagt Singh Negi མཆོག་དང་། དེ་བཞིན་ཁུ་ནུ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་སློབ་སྟོན་པ་ཆོས་མགོན་རིན་པོ་ཆེ་མཆོག་གིས་གཙོས་བླ་སྤྲུལ་དགེ་བཤེས་དང་། སེར་སྐྱ་མི་མང་སྟོང་ཕྲག་གཉིས་བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མནྜལ་བརྟེན་གསུམ་འདེབས་འབུལ་དང་། སྐུ་མགྲོན་རྣམས་ཀྱིས་གསུང་བཤད། དུས་འཁོར་དང་འབྲེལ་བའི་གར་འཆམ་གཟིགས་འབུལ་དང་མཇལ་ཁ། ༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་ས་གནས་སློབ་ཕྲུག་རྣམས་ཀྱི་རིག་གཞུང་དང་གཞས་སྣ་འཁྲབ་སྟོན། བུད་མེད་ཚོགས་པ་སོགས་ཀྱིས་ཁུ་ནུའི་ས་གནས་ཡུལ་སྐད་ཐོག་ནས་མགོན་པོ་གང་ཉིད་ལ་བསྟོད་གླུ་ཕུལ་བ། དེ་རྗེས་མི་མང་རྣམས་ལ་༸གོང་ས་མཆོག་གི་བཞུགས་ཁྲི་དང་དེ་སྔོན་དུས་འཁོར་དབང་ཆེན་གནང་སྐབས་མགོན་པོ་གང་ཉིད་ཀྱིས་སྩལ་གནང་མཛད་པའི་དུས་འཁོར་བའི་སྐུ་ཐང་བཅས་མཇལ་ཁ་བཏང་འདུག་པས་མ་ཚད། དཔལ་ལྡན་ལྷ་མོ་དམག་ཟོལ་རྒྱལ་མོའི་སྐུ་ཐང་ཞལ་ཁ་ཕྱེས་ནས་དུས་ཡུན་ཉིན་གཉིས་རིང་མི་མང་རྣམས་མཇལ་ཁ་གཏང་ཡོད་འདུག
༸གོང་ས་མཆོག་གིས་གནང་བའི་གསུང་འཕྲིན་དེའི་ནང་ཧི་མ་ལ་ཡི་རི་ཁུལ་དུ་གནས་པའི་ཁུ་ནུའི་ཡུལ་ལུང་འདི་ནི་གནའ་བོའི་དུས་ནས་བོད་བརྒྱུད་ནང་བསྟན་གྱིས་ཁྱབ་པའི་ཡུལ་ལུང་ཞིག་ཡིན་པ་དང་། བཤད་སྒྲུབ་གཉིས་ཀྱི་རྒྱལ་བའི་བསྟན་པ་ལ་སྲི་ཞུ་བླ་མེད་སྒྲུབ་མཁན་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་དུ་བ་བྱོན་པའི་ཡུལ་ལུང་ཁྱད་པ་ཅན་ཞིག་ཡིན། ད་ཐེངས་བོད་ཟླ་དྲུག་པ་ཚེས་ ༡༥ ཕྱི་ཟླ་ ༨ པའི་ཚེས་ ༡༨ ཉིན་ངོས་ནས་དུས་འཁོར་དབང་ཆེན་ཐེངས་ ༡༦ པ་བསྐྱང་ནས་ལོ་ ༢༥ ཧྲིལ་པོ་འཁོར་བའི་རྗེས་དྲན་དགའ་སྟོན་བྱ་འཆར་ཡོད་པ་ཡིད་སྤྲོ་བརྟས།
རང་གཞན་ཀུན་གྱི་སྔོན་བྱས་ཀྱི་དགེ་བ་ལ་རྗེས་སུ་ཡི་རངས་བསྒོམ་རྒྱུ་ནི་དགེ་རྩ་དག་སྲུང་བའི་རྒྱུ་ཚོགས་ཁྱད་པར་ཅན་ཡིན་སྟབས། བྱམས་བརྩེ་གཞན་ཕན་གྱི་ཀུན་སློང་བཟང་པོས་རྣམ་དཀར་དགེ་བའི་བྱ་བ་གང་ཐུབ་བསྒྲུབ་གལ་ཆེ་བ་ལས། སྤྲོ་སྐྱིད་ལྟ་བུ་འདི་སྣང་གི་འདུ་འཛིར་མ་སོང་བ་གལ་གལ་ཆེ་ལུགས་གསུངས་འདུག་པས་མ་ཚད། རྙེད་དཀའ་ཞིང་འཇིགས་སླ་བའི་རྟེན་བཟང་དོན་མེད་ཆུད་ཟོས་སུ་མི་འགྲོ་བ་སྡིག་སྤོང་དགེ་སྒྲུབ་ཀྱི་ལམ་ནས་གཏན་གྱི་འདུན་མ་འགྲུབ་པ་ཞིག་ཅི་ནས་བྱ་དགོས་ལུགས་གསུང་འཕྲིན་ནང་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༢ ལོར་ཁུ་ནུ་ཡུལ་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༡༦ པ་དེ་བསྩལ་གནང་མཛད་ཡོད་པ་རེད།།
གསར་འགོད་པ་སངས་རྒྱས་རྡོ་རྗེ།