ཞི་བདེའི་གཟེངས་རྟཊ་མི་ལོ་ཉེར་ལྔ་འཁོར་བའི་དམིགས་བསལ་དུས་སྟོན།
2014.12.10

༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟཊ་འབུལ་བཞེས་མཛད་ནས་མི་ལོ་༢༥་འཁོར་བའི་དམིཊ་བསལ་དུས་སྟོན་སྲུང་བརྩི་ཞུས་འདུག
གསར་འགོད་པ་ཨོ་རྒྱན་བསྟན་འཛིན།
གསར་འགོད་པ་བསྟན་འཛིན་དབང་རྒྱལ།
དེ་རིང་ཚེས༡༠ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་༧གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་༢༥འཁོར་བའི་གཞུང་འབྲེལ་མཛད་སྒོར་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Virbhadra Singhམཆོག་ཆེད་ཕེབས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་འཛོམས་ཀྱི་མཛད་གཙོ་རྣམ་པ་གཙོས་གཞུང་དམངས་སྐྱ་སེར་ཕོ་མོ་སུམ་སྟོང་བརྒལ་བ་འདུ་འཛོམས་གནང་འདུག མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་སྐུ་མགྲོན་གཙོ་བོ་མཆོག་ལ་ཕེབས་བསུ་ཞུས་རྗེས། འཕགས་བོད་གཉིས་ཀྱི་རྒྱལ་གླུ་འབུལ་བཞིན་པར་སྲིད་སྐྱོང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེངས་འཛུགས་གནང་། དེ་རྗེས་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་གྲུབ་མཚམས་བོད་ཀྱི་ཟློས་གར་ཚོགས་པས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་ཕུལ་ཡོད་འདུག མཛད་སྒོའི་ལས་རིམ་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་འདུག དེ་ནས་ཧི་མཱ་ལ་ཡའི་རྒྱལ་སྤྱིའི་དུས་སྟོན་གོ་བསྒྲིགས་ཚོགས་ཆུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིིན་རྗེས་དྲན་སླད་ཉིན་གཉིས་རིང་གི་དུས་སྟོན་དབུ་འབྱེད་གསལ་བསྒྲགས་གནང་གྲུབ་མཚམས། ཕྱི་དྲིལ་ལས་ཁུངས་ནས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་དུས་སྟོན་ལ་དམིགས་ཏེ་ཆེད་དུ་འདོན་སྤེལ་གནང་བའི་དཔེ་དེབ་༼བཙན་བྱོལ་ནང་གི་བྱུང་བ་བརྗོད་པ།༽ཞེས་པ་དང༌། ཡང་དབྱིན་ཡིག་ཐོག༼༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤ ཆེན་པོ་མཆོག་ལ་བསྟོད་པ།༽ཞེས་པ་དང༌། དེ་བཞིན་༼༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤ ཆེན་པོ་མཆོག་ལ་རྗེས་དྲན།༽ ཞེས་པ་བཅས་སྐུ་མགྲོན་གཙོ་བོ་མཆོག་ནས་དབུ་འབྱེད་གནང་འདུག་ སྲིད་སྐྱོང་མཆོག་གིས་ ༼བོད་ཀྱི་སྲིད་བྱུས་དུས་དེབ།༽ ཅེས་པ་དབུ་འབྱེད་མཛད་འདུག་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པའི་རྒྱལ་བའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་འདི་ལོའི་རྐང་བྲོ་གླུ་གཞས་ཀྱི་༼འོད་སྡེར་དབྱར་སྐྱིད། ༢༠༡༤༽ ཞེས་པ་དང་། བོད་ཀྱི་ཆ་འཕྲིན་གསར་ཁང་གིས་འདོན་སྤེལ་གནང་པའི་༼བོད་མི་བཙན་བྱོལ་བ་ཞིག་གི་འབོད་སྒྲ།༽ ཞེས་པའི་དཔེ་དེབ་བཅས་དབུ་འབྱེད་གནང་འདུག དེ་བཞིན་གོང་ས་མཆོག་ལ་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་སྲུང་རྩིའི་མཛད་སྒོའི་ཐོག་ཞབས་ལོ་༢༠འཁོར་བའི་བགྲེས་ཡོལ་གཞུང་ཞབས་སྲི་ཞུ་བ་ཁག་གཅིག་དང་། འཕྲོད་བསྟེན་ཁྱབ་ཁོངས་ལས་བྱེད་ཞབས་ལོ་༢༥ འཁོར་བ་དགུ་བཅས་ལ་ལེགས་གསོལ་མཚོན་ཆེད་བྱ་དགའ་དང་ཕྱག་འཁྱེར་གནང་ཡོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།