བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༢ ཨ་རིའི་རྒྱལ་སར་འཚོགས་བཞིན་འདུག

2024.12.09
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༢ ཨ་རིའི་རྒྱལ་སར་འཚོགས་བཞིན་འདུག བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༢ ཨ་རིའི་རྒྱལ་སར་འཚོགས་བཞིན་པ། ༢༠༢༤།༡༢།༠༨
Lhuboom/RFA

བྱང་ཨ་མི་རི་ཀའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༢ དེ་ཕྱི་ཟླ་ ༡༢ ཚེས་ ༨ དང་ ༩ ཉིན་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ (NED) སྟེ་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་དུ་སྐོང་ཚོགས་གནང་བཞིན་ཡོད་པ་དང་། དེར་བྱང་ཨ་རིའི་ཁུལ་དུ་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ ༣༦ ཡོད་པའི་ཁོངས་ནས་སྤྱི་མཐུན་ཚོགས་པ་ ༢༦ གི་ཚོགས་གཙོ་དང་། དྲུང་ཆེ། འཐུས་ཚབ་སོགས་ཚོགས་བཅར་བ་ ༥༠ ལྷག་གིས་མཉམ་ཞུགས་གནང་ཡོད་པ་དང་། ཚེས་ ༨ ཉིན་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཆེད་ཕེབས་དབུ་ཞུགས་ཀྱིས་གསུང་བཤད་གནང་ཡོད་པ་རེད། ཚོགས་ཆེན་ཐོག་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས། སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་དང་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་སོགས་གཙོས་སྐུ་མགྲོན་རྣམ་པ་དང་། ས་གནས་སོ་སོ་ནས་ཕེབས་པའི་བོད་མིའི་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་བཅས་ལྷན་འཛོམས་ཐོག སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་འཐུད་པ་ཀུན་དགའ་བཀྲིས་ལགས་ཀྱི་གཙོ་སྐྱོང་འོག་ཚོགས་ཆེན་དབུ་འཛུགས་གནང་ཡོད་པ་རེད།

22nd NATAC day1 2024 (33).JPG
མཛད་སྒོའི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་ངག་བཅད་གནང་གྲུབ་མཚམས། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་དགའ་བསུའི་གསུང་བཤད་གནང་བའི་ནང་། དེང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། ལོ་རྗེས་མར་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་གོ་སྟོན་སྲུང་བརྩི་ཞུ་རྒྱུ་ཡིན་པ་སོགས་དང་འབྲེལ་ཐེངས་འདིའི་ཚོགས་ཆེན་འདི་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པ་སོགས་གསུངས་སོང་།

དེ་ནས་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་མཛད་སྒོའི་ཐོག་གསུང་བཤད་གནང་བའི་སྐབས། སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་ནས། རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་རིགས་ཇེ་ཉུང་དུ་འགྲོ་བཞིན་པ། ཡང་ཕྱིའི་རྒྱལ་ཁབ་ཁག་ཏུ་བོད་མི་ཇེ་མང་དུ་འགྲོ་བཞིན་པ་སོགས་ཀྱི་གནས་སྟངས་ཐོག་ནས་ཐེངས་འདིའི་གྲོས་གཞི་ཁག་ལས་དོན་ཚན་བཞི་པ་བོད་ཀྱི་སྐད་ཡིག་སྐོར་དེ་གལ་ཆེན་པར་གཟིགས་ཀྱི་ཡོད་པ་སོགས་ཚོགས་ཐོག་གསུངས་བ་དང་འབྲེལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

22nd NATAC day1 2024 (30).JPG
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གིས་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཆུ་ཚོད་གཅིག་ཙམ་གྱི་རིང་གསུང་བཤད་གནང་བའི་ནང་། ཐེངས་འདིའི་ཚོགས་ཆེན་འདི་གོ་སྒྲིག་ཞུ་རྒྱུར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་སའི་མངའ་ཁུལ་བོད་རིགས་སྤྱི་མཐུན་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཕྱག་རོགས་གནང་བ་དང་། དེ་བཞིན་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་ནས་ཚོགས་ཁང་གཡར་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ། རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། བོད་ནང་གི་བོད་མིའི་མི་འབོར་ས་ཡ་བདུན་དང་བརྒྱད་སྟོང་ཡས་མས་ཤིག་ཡོད་པ་གསལ་བཞིན་པ་དང་། བཙན་བྱོལ་ནང་གི་བོད་མིའི་མི་འབོར་ཁ་གསལ་པོ་ཞིག་ཡོང་རྒྱུར་ཕྱིའི་རྒྱལ་ཁབ་ཏུ་ཡོད་པའི་སྤྱི་མཐུན་ཚོགས་པ་ཁག་གིས་ཤུགས་གནོན་རྒྱག་དགོས་པ་གསུང་བ་དང་། དེ་བཞིན་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གིས་མ་འོངས་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་ཇུས་བྱེད་བཞིན་ཡོད་པས། བོད་མིའི་ཚོགས་སྡེ་ཁག་སོ་སོ་ནས་བསྒྲགས་གཏམ་སྤེལ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་ཡོད་པ་རེད།

22nd NATAC day1 2024 (19).JPG
ད་དུང་སྲིད་སྐྱོང་མཆོག་གིས་ལོ་རྗེས་མར་སྐུའི་གོ་སྟོན་སྲུང་བརྩི་ཞུ་ཕྱོགས་དང་། དེ་བཞིན་ཨ་རིའི་གཞུང་འཛིན་ལ་འགྱུར་བ་ཐེབས་ཀྱི་ཡོད་དུས། ཉེ་སྔོན་ཨ་རིའི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་ཁྲིམས་འཆར་གྱི་མཇུག་སྐྱོང་ལས་དོན་སྤེལ་ཕྱོགས་དང་། ལྷག་པར་དུ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་ཡོང་ཐབས་ལ་ཚང་མས་ནུས་པ་མཉམ་སྤུངས་གནང་དགོས་པ་སོགས་གསུངས་ཡོད་པ་མ་ཟད། གསུང་བཤད་གྲུབ་མཚམས་དྲི་བར་དྲིས་ལན་གྱི་ལས་རིམ་ཐུང་ཐུང་ཞིག་ཀྱང་གནང་ཡོད་པ་རེད།

22nd NATAC day1 2024 (48).JPG
བྱང་ཨ་རིའི་ཁུལ་དུ། བོད་རིགས་སྤྱི་མཐུན་ཚོགས་པ་༢༩ དང་། ཁེ་ན་ཌར་བོད་རིགས་སྤྱི་མཐུན་ཚོགས་པ་ ༧ བཅས་ཁྱོན་ ༣༦ ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་ས་གནས་ཁག་༢༦ ནས་ཚོགས་བཅར་བ་ལྔ་བཅུ་ལྷག་ཕེབས་ཡོད་པ་རྣམས་ཀྱིས་ཉིན་གྲངས་གཉིས་ཀྱི་རིང་རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་ཆེད་ལས་དོན་སྒྲུབ་ཐབས། དེ་བཞིན་སྔར་ལྷག་རྒྱལ་སྤྱིའི་ཁྱོན་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཕྱོགས་སོགས་བོད་དོན་དང་འབྲེལ་བའི་གྲོས་གཞི་དོན་ཚན་དགུ་ཡི་ཐོག་བགྲོ་གླེང་བཀའ་བསྡུར་གནང་གི་ཡོད་པ་རེད།

22nd NATAC day1 2024 (52).JPG
འདི་ཚེས་ ༧ ཉིན་ཚོགས་བཅར་བ་རྣམས་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ལྷན་འཛོམས་ཀྱིས་ཐོ་འགོད་དང་། ཕན་ཚུན་ངོ་སྤྲོད། དེ་བཞིན་སྲིད་སྐྱོང་མཆོག་དབུ་བཞུགས་ཀྱིས་དགོང་ཚིགས་གསོལ་སྟོན་གནང་ཡོད་པ་རེད།
མཛད་འཆར་ལྟར་ན། ཚོགས་བཅར་བ་རྣམས་སྤྱི་ཚེས་ ༧ ཉིན་ནས་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཕེབས་འབྱོར་གྱིས་སྤྱི་ཚེས་ ༡༠ བར་ལས་རིམ་གཞན་མང་པོ་ཞིག་གི་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་དང། ད་རེས་ཀྱི་ཚོགས་ཆེན་ཐེངས་ ༢༢ དེ་བཞིན་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཟུང་འབྲེལ་གྱི་ཐོག་ནས་གོ་སྒྲིག་གནང་བ་ཞིག་རེད་འདུག

IMG_7196.JPG
འདི་ཚེས་༩ཉིན་གྱི་དགོང་དྲོར་ཨ་རིའི་རྒྱལ་སར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་སྒྲོན་མེའི་གཟེངས་རྟགས་དེ་བཞིན་ཡུན་རིང་བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་བ་ལྕམ་ནན་སི་པོ་ལོ་སི་(Nancy Pelosi)་་ལ་འབུལ་རྒྱུ་ཡིན་འདུག

22nd NATAC day1 2024 (26).JPG
རྩ་བའི་ཆ་ནས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༢ དེ་འདི་ལོའི་ཕྱི་ཟླ་༨ པའི་ནང་ཨ་རིའི་སན་ཧྥི་རན་སི་སི་ཁོར་འཚོགས་འཆར་གནང་ཡོད་ཀྱང་། སྐབས་དེར་བྱང་ཨ་རིའི་བོད་མི་ཡོངས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་ལ་ནིའུ་ཡོག་ཏུ་བརྟན་བཞུགས་བསྟར་འབུལ་ཞུས་པའི་གྲ་སྒྲིག་གི་ལས་དོན་མང་བའི་རྐྱེན་གྱིས་ཕྱིར་འགྱངས་གནང་བ་ཞིག་རེད་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཚེས་༦ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཕེབས་འབྱོར་བྱུང་མ་ཐག ཉིན་དེར་སྲིད་སྐྱོང་མཆོག་གིས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་རྣམས་དང་ལྷན་དུ་ཡོང་རྒྱུའི་ཨ་མི་རི་ཀའི་གཞུང་འཛིན་གསར་པ་ལྷན་དུ་འབྲེལ་གཏུག་གནང་ཕྱོགས་ཀྱི་འཐབ་བྱུས་སྐོར་ཚོགས་འདུ་ཚོགས་འདུག དེའི་རྗེས་སྲིད་སྐྱོང་མཆོག་གིས་ཟམ་པ་ཐེབས་རྩ་ཞེས་གཙོ་བོ་བོད་ནང་གི་བོད་ཀྱི་འབྲོག་པ་རྣམས་དང་བོད་ཀྱི་ཆོས་དང་རིག་གཞུང་བཅས་པ་མི་ཉམས་རྒྱུན་འཛིན་དང་བདག་གཅེས་སྲུང་སྐྱོབ་ཆེད་ལས་དོན་རྒྱ་ཆེ་སྤེལ་མཁན་ཐེབས་རྩའི་ལྕམ་(Mary Beth)་ལགས་དང་མཇལ་འཕྲད་གནང་སྟེ་ཁོང་རྣམ་པའི་ལས་དོན་སྙན་སེང་དང་། དེ་བཞིན་(Baron)་ཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་གི་ལྕམ་ སུའི་ཟེཊ་(Suzette) ལགས་དང་མཇལ་མོལ་གནང་ཡོད་པ་རེད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ད་རེས་ཨ་རིའི་ཁུལ་དུ་ཕྱི་ཚེས་ ༢༣ བར་བཞུགས་ནས་ཨ་རིའི་གཞུང་འབྲེལ་གནད་ཡོད་མི་སྣ་དང་མཇལ་མོལ་གནང་རྒྱུ་དང་། ཨ་རིའི་ནང་གི་བོད་མི་གནས་སྡོད་བྱེད་ཡུལ་ཁག་ཅིག་གི་ནང་གཞུང་དོན་འཚམས་གཟིགས་གནང་འཆར་ཡོད་འདུག


གསར་འགོད་པ། བསོད་ནམས་ལྷ་མོ། ཡེ་ཤེས་བཀྲ་ཤིས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎