ཡེ་མེན་དུ་ཆབ་སྲིད་ལམ་ལུཌ་བསྒྱུར་བཅོས་དགོས་པའི་ལས་འགུལ།
2011.02.04
༄༅༎དེ་རིང་ཡེ་མེན་Yemenགྱི་རྒྱལ་སའི་ནང་མི་དམངས་ཁྲི་གཉིས་ལྷག་འདུ་འཛོམས་ཀྱིས་སྲིད་འཛིན་ཨ་ལི་ཨབ་རྡུ་ལ་ས་ལེ་ཡིས་སྲིད་དབང་རྩིས་སྤྲོད་བྱ་དགོས་ཟེར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་གཏོང་དགོས་པའི་དགོས་འདུན་བཏོན་བཞིན་ཡོད་པ་རེད།
དེ་ཡང་ཡེ་མེན་རྒྱལ་ཁབ་དེ་བཞིན་སྲིད་འཛིན་ཨ་ལི་ཨབ་རྡུ་ལ་ས་ལེ་ཡིས་དབང་བསྒྱུར་བྱས་ནས་མི་ལོ་སུམ་ཅུ་སོ་གཉིས་འགྲོ་གི་ཡོད་པར་བརྟེན་ནས། ཡེ་མེན་གྱི་དམངས་ཚོས་གཞུང་བཅོས་བསྒྱུར་གཏོང་དགོས་ཞེས་ངོ་རྒོལ་བྱེད་པ་མ་ཟད། སྲིད་འཛིན་ཨ་ལི་ས་ལེ་ཡིས་ཕྱི་ལོ་༡༠༡༣ལོར་སྲིད་དབང་རྩིས་སྤྲོད་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་དེ་མི་དམངས་ཀྱིས་འདོད་པ་བྱེད་ཀྱི་མེད་པ་རེད། དེའི་དབར་ལ་སྲིད་འཛིན་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཀྱང་རྒྱལ་ས་སཱ་ནའ་ཡི་དབུས་ཀྱི་ཐང་ཆེན་དུ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང༌། ད་རེས་ཡེ་མེན་ནང་དུ་མི་དམངས་ཀྱིས་གཞུང་གསར་པ་བཅོས་བསྒྱུར་གཏོང་དགོས་པའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བ་དེ་ནི། བར་ལམ་ནས་དཀྱིལ་ཤར་ཡུལ་གྲུའི་ཨི་ཇིབ་མི་དམངས་ཀྱིས་མི་ལོ་༣༠ལྷག་དབང་བསྒྱུར་བྱེད་མཁན་སྲིད་འཛིན་མུ་སྦ་རཀ་ལ་སྲིད་དབང་རྩིས་སྤྲོད་བྱ་དགོས་པ་དང༌། རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་གཏོང་དགོས་པའི་རྣོ་ངར་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ཚ་རླབས་དེ་ནས་བྱུང་བ་ཡིན་པ་མ་ཟད། ཡེ་མེན་ནང་ངོ་རྒོ་ལས་འགུལ་སྤེལ་ནས་གཟའ་འཁོར་ཕྱིན་པའི་ནང་དེ་རིང་གི་ངོ་རྒོལ་གྱི་འདུ་འཛོམས་ཆེ་ཤོས་ཡིན་པ་རེད། རེས་གཟའ་ཕུར་བུའི་ཉིན་ཡེ་མེན་གྲོས་ཚོགས་ཀྱིས་ཛ་དྲག་གི་ལྷན་འཛོམས་གནང་སྟེ། དགུང་གྲངས་༦༤ཕེབས་པའི་སྲིད་འཛིན་ཨ་ལི་ས་ལེ་སཱ་ལའ་ཡིས། ཁོང་མ་འོངས་པར་བསྐྱར་དུ་སྲིད་འཛིན་ནང་བཞེངས་རྒྱུ་མིན་པ་མ་ཟད། ཁོང་གི་སྲིད་དབང་བུར་རྩིས་སྤྲོད་བྱ་རྒྱུ་མིན་པའི་ཁས་ལེན་གནང་ཡོད་ནའང་ཁོིང་གིས་ད་ལྟ་སྲིད་འཛིན་གྱི་ཐུགས་འགན་བཞེས་བཞིན་པའི་ལས་ཡུན་དེ་ཕྱི་ལོ་༢༠༡༣ནང་རྫོགས་འགྲོ་བར་བརྟེན་ནས་ལས་ཡུན་མ་རྫོགས་བར་མུ་མཐུད་སྲིད་འཛིན་གྱི་ཐུགས་འགན་བཞེས་རྒྱུ་ཡིན་པ་ཞེས་གསུང་ཡོད་ཀྱང༌། ངོ་རྒོལ་བྱེད་མཁན་མི་དམངས་ཚོས་འཕྲལ་དུ་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་གཏོང་དགོས་པའི་དགོས་འདུན་བཏོན་བཞིན་ཡོད་པ་རེད།