རྒྱ་གུང་ཁྲན་གྱི་ཚོགས་ཆེན་༡༨།
2012.11.08
༄༅། །ད་རེས་ཀྱི་ཚོགས་ཆེན་འདིའི་ཐོག སྲིད་འཛིན་ཟུར་པ་Jiang Zemin གྱིས་བཏོན་པའི་མཚོན་དོན་གསུམ་གྱི་སྟེང་དུ་ད་ལྟའི་སྲིད་འཛིན་ལས་ཐོག་ Hu Jintao ཡིས་བཏོན་པའི་ཚན་རིག་གི་འཕེལ་རྒྱས་ལྟ་གྲུབ་ཞེས་པ་དེ་གཙོ་བོར་བཟུང་ནས་ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་ཙམ་རིང་གཏམ་བཤད་བྱས་པས་མ་ཟད། ཚན་རིག་གི་འཕེལ་རྒྱས་ལྟ་གྲུབ་ཞེས་པ་དེ། དངོས་སུ་གུང་ཁྲན་ཏང་གི་བསམ་བློའི་ལམ་སྟོན་གྱི་གྲས་སུ་འཇོགས་རྒྱུ་ཡིན་པར་གསལ་འདུག ཧུའོ་ཅིན་ཐོ་ཡིས་ད་རེས་ཀྱི་ཉིན་དང་པོའི་ཚོགས་ཆེན་གྱི་གཏམ་བཤད་ནང་། རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ལ་གདོང་ལེན་མཐའ་གཅིག་ཏུ་བྱ་དགོས་པ་དང་། དེ་ལྟར་མ་བྱུང་ཚེ། ཕུགས་སུ་གུང་ཁྲན་ཏང་གི་བརྟན་ལྷིང་ལ་གནོད་པས་མ་ཟད། ཐ་ན་གུང་ཁྲན་ཏང་དང་རྒྱལ་ཁབ་ཉམས་ཉེས་སུ་འགྲོ་རྒྱུའི་ཉེན་ཁ་ཡོད་སྐོར་དང་། ཆབ་སྲིད་ཀྱི་སྒྲིག་གཞི་བཅོས་བསྒྱུར་བྱེད་རྒྱུ་དེ་ནི་ ཕྱོགས་ཡོངས་ཀྱི་བཅོས་བསྒྱུར་གྱི་གནད་འགག་ཡིན་ཞེས་གསལ་འདོན་བྱས་འདུག
བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་སྔོན་ཧོང་ཀོང་གི་གསར་འགོད་པ་ཞིག་གི་དྲི་བར་བཀའ་ལན་གནང་སྐབས། རིང་མིན་རྒྱ་ནག་གི་སྲིད་འཛིན་འཁོད་ལ་ཉེ་བའི་Xi Jinping གྱི་སྐབས་སུ་ཆབ་སྲིད་ཀྱི་བཅོས་བསྒྱུར་མ་བྱས་པ་ཡིན་ན། རྒྱ་ནག་ལ་འགྲོ་ལམ་འགག་བསྡད་ཡོད་པ་དང་། ཆབ་སྲིད་ཀྱི་བཅོས་བསྒྱུར་བཟང་ཤོས་དེ་ནི། མང་གཙོའི་བཅོས་བསྒྱུར་ཡིན་པ་གསལ་འདོན་གནང་ཡོད་པ་རེད། ཕྱོགས་མཚུངས་རྒྱ་ནག་དམངས་ཁྲོད་དུ་ཡང་མི་དམངས་བརྒྱ་ཆ་༨༠ཙམ་གྱི་རྒྱ་ནག་ནང་མང་གཙོ་རང་བཞིན་ལྡན་པའི་ཆབ་སྲིད་བཅོས་བསྒྱུར་བྱེད་དགོས་པའི་འདུན་པ་ཤུགས་ཆེན་པོ་ཡོད་པར་བསམ་ཚུལ་བསྡུ་ལེན་ནང་གསལ་ཡོད་པ་རེད་༎