གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་སྐྱོང་མ་ཐུབ་པར་འཕྲོ་སྐྱོང་ཞུ་བསྡད་ལྷག་པ་རྣམས་ཚོགས་དུས་བདུན་པར་སྟབས་གཅིག་ཏུ་འཚོགས་ཐབས་ཡོང་བའི་སྐོར་སྤྱི་འཐུས་ ༡༦ གིས་ཞུ་སྙན་ཕུལ་འདུག
སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་བཞིན་འདི་ལོའི་ཕྱི་ཟླ་༩པའི་ཚེས་༡༩ནས་༢༨བར་ཉིན་གྲངས་༩འི་རིང་འཚོགས་རྒྱུའི་ཐག་གཅོད་ཟིན་ཡོད་ཀྱང་། གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་དང་པོ་སྤྱི་ཟླ་༩པའི་ཚེས་༡༩ཉིན། གྲོས་ཚོགས་སུ་ལས་རིམ་རྣམ་གཞག་ཅིག་དང་འབྲེལ་ཏེ། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་རྒྱ་མིའི་སོ་མྱུལ་དང་འབྲེལ་ཚུལ་གྱི་སྐྱོན་འཛུགས་བྱས་པར་བརྟེན། སྤྱི་འཐུས་གྲོས་ཚོགས་སུ་དེ་ལ་གླེང་སློང་རྣོ་ངར་ལྡན་པ་བྱུང་བ་མ་ཟད། བདེ་སྲུང་བཀའ་བློན་གྱིས་གསལ་བཤད་གནང་བ་དེ་ཁ་གསལ་མེད་ལུགས་སོགས་སྤྱི་འཐུས་ཁག་ཅིག་གིས་སྐྱོན་བརྗོད་དང་སྦྲགས། སྤྱི་འཐུས་གང་དེ་རྒྱ་མིའི་གཞུང་ཚབ་ལས་བྱེད་དང་འབྲེལ་བ་ཡོད་མེད་བདེ་སྲུང་གིས་གསལ་བོ་མ་བཟོས་བར་དུ། གྲོས་ཚོགས་ཀྱི་ལས་རིམ་གཞན་ལ་མཉམ་ཞུགས་གནང་རྒྱུ་མིན་པ་སོགས་བཤད་དེ། སྤྱི་འཐུས་མང་དག་ཅིག་གྲོས་ཚོགས་ལས་རིམ་ལ་མ་ཞུགས་སྟབས། གྲོས་ཚོགས་ཉིན་གསུམ་རིང་མ་གཏོགས་ཚོགས་ཐུབ་མེད་པ་རེད།
སྤྱི་ཟླ་༩པའི་ཚེས་༢༨ཉིན་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་རྣམ་པར་བརྡ་ཁྱབ་སྤེལ་བའི་ནང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་མུ་མཐུད་བསྐྱང་རྒྱུར་སྤྱི་འཐུས་ཉུང་མཐའི་གྲངས་ཚད་ལོངས་མིན་དབང་གིས། རེ་ཞིག་ཚོགས་འདུ་འཕར་འགྱངས་བྱ་རྒྱུ་དང་། ཚོགས་དུས་འདིའི་ལས་དོན་ལྷག་མ་རྣམས་མུ་མཐུད་བསྐྱང་རྒྱུའི་དུས་ཚོད་གཏན་འཁེལ་བྱུང་མཚམས་འབྲེལ་ལམ་ཞུ་རྒྱུ་ཡིན་པ་བསྒྲགས་འདུག
ཕྱི་ཟླ་༡༡ཚེས་༡༦ཉིན་ཚོགས་དྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པར་ཕུལ་བའི་ཚོགས་བརྡའི་ནང་། ཚོགས་དུས་དྲུག་པའི་ལས་དོན་མུ་མཐུད་སྐྱོང་དགོས་རིགས་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༥ ནས་ཚེས་ ༢༩བར་ལས་ཉིན་ལྔ་བསྐྱང་གཏན་འཁེལ་སོང་བས། ཚོགས་མི་རྣམ་པ་དུས་ཐོག་ཚོགས་བཅར་ཐོག སྤྱི་འཐུས་རྣམས་ཕྱི་ཚེས་ ༢༤ རེས་གཟའ་ཉི་མ་ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་འབྱོར་ཐོ་འགོད་གནང་ཡོང་བ་དང་། དེ་བཞིན་ཕྱོགས་བཞུགས་སྤྱི་འཐུས་རྣམ་པར་བཞུགས་མཚེར་ཚོགས་དྲུང་ལས་ཁུངས་ནས་གོ་སྒྲིག་ཞུ་དགོས་རིགས་ཕྱི་ཟླ་༡༢ཚེས་༡༠འགྱངས་མེད་ཡིག་ཐོག་གནང་དགོས་ཞེས་ཕེབས་སོང་བ་དགོངས་མངའ་ཞུ། ཞེས་འཁོད་འདུག་ཀྱང་།
འདི་ཚེས་༢༠ཉིན་སྤྱི་འཐུས་༡༦ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོར་སྙན་ཞུ་ཞིག་ཕུལ་བའི་ནང་། མཇུག་སྐྱོང་ཚོགས་དུས་དེ་བཞིན་ངེས་པར་ཕྱི་ཟླ་༡༢ནང་འཚོགས་དགོས་པའི་ཛ་དྲག་དགོས་གལ་ཆེ་བ་གང་ཡང་མ་མཐོང་། རྒྱུ་མཚན་ནི། ལས་བསྡོམས་རྒྱས་པར་རྒྱུན་ལས་ཀྱིས་དཔྱད་ཞིབ་བསྒྲུབས་ཤིང་། དེ་འབྲེལ་བཀའ་ལན་ཡང་འབྲེལ་ཡོད་ལྷན་ཁང་ཁག་ནས་ཕེབས་ཟིན། ལྷག་པར་དུ་ཕྱི་ཚེས་༢༩ནས་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་དབུ་འཛུགས་བསྐྱང་གནང་མཛད་རྒྱུ་ལྟར། མཛད་གཙོ་རྣམ་པས་གཙོས་འབྲེལ་ཡོད་མང་པོ་སྔོན་ཚུད་ནས་ས་གནས་སུ་ཕེབས་ཐོན་དགོས་པ་དང་། མ་ཟད་ཚོགས་དུས་ཀྱི་ཟླ་ཚེས་ཡས་མས་ནི། ཡེ་ཤུ་མ་ཤི་ཀའི་འཁྲུངས་ཚེས་དང་། ཕྱི་ལོ་ ༢༠༢༤ ལོ་གསར་དུ་བཞད་པ་དང་བསྟུན་གུང་སེང་སོགས་འཁེལ་གྱི་ཡོད་སྟབས། གནམ་གྲུའི་འཛིན་བྱང་རང་བཞིན་གྱི་གོང་ཚད་མཐོན་པོ་ཆགས་ཡོད་པས། མཇུག་སྐྱོང་ཚོགས་དུས་ལ་གཞུང་གྲོན་ཚད་ལས་བརྒལ་བ་འགྲོ་ངེས་པ་མངོན་གསལ་ཡིན། དེས་ན། ད་ལན་གྱི་ཚོགས་དུས་ནི་དགོས་བབ་དམིགས་བསལ་མེད་པ། དུས་ཚོད་མི་རན་པ། གཞུང་གྲོན་ཚད་ལས་བརྒལ་བ་འགྲོ་ངེས་བ་ལགས་ན། ཚོགས་དུས་དྲུག་པའི་མཇུག་སྐྱོང་ཚོགས་དུས་དེ་བཞིན་ཕྱི་ལོའི་ཟླ་གསུམ་པའི་གྲོས་ཚོགས་ཚོགས་དུས་བདུན་པར་ཉིན་གྲངས་འཕར་མ་འགའ་དང་བཅས་སྟབས་གཅིག་དུས་གཅིག་ལ་འཚོགས་ཐབས་ཤིག་ཡོང་བ་གནང་རོགས་ཞེས་འཁོད་འདུག
སྙན་ཞུའི་ནང་འཁོད་སྤྱི་འཐུས་རྣམས་ནི། སྤྱི་འཐུས་མི་འགྱུར་རྡོ་རྗེ། སྤྱི་འཐུས་དངོས་གྲུབ་རྡོ་རྗེ། སྤྱི་འཐུས་ཟླ་བ་ཕུན་སྐྱིད། སྤྱི་འཐུས་ཟླ་བ་ཚེ་རིང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ། སྤྱི་འཐུས་བཀྲ་ཤིས་དོན་གྲུབ། སྤྱི་འཐུས་ཚེ་རིང་ལྷ་མོ། སྤྱི་འཐུས་ཀརྨ་དགེ་ལེགས། སྤྱི་འཐུས་རྔ་པ་གངས་རི། སྤྱི་འཐུས་པདྨ་མཚོ། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ། སྤྱི་འཐུས་བསྟན་འཛིན་ཆོས་འཛིན། སྤྱི་འཐུས་བློ་བཟང་ཐུབ་བསྟན། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ། སྤྱི་འཐུས་བློ་བཟང་སྲིད་ཐར། སྤྱི་འཐུས་རིག་འཛིན་ལྷུན་གྲུབ་བཅས་ཡིན་འདུག
གོང་ཞུས་ཀྱི་སྙན་ཞུ་དེ་དངོས་བདེན་ཡིན་མིན་སྙན་ཞུའི་ནང་འཁོད་པའི་སྤྱི་འཐུས་ཤིག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཀའ་འདྲི་ཞུས་པར། ཁོང་གིས་སྙན་ཞུ་དེ་དངོས་བདེན་ཡིན་ཞེས་གསུངས་བྱུང་།
འདི་གའི་གསར་འགོད་པས་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་འཐུས་ཚོའི་ལས་དོད་དང་ཉིན་དོད། དེ་བཞིན་འགྲིམ་འགྲུལ་ཚུད་པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་གཅིག་ལ་འགྲོ་གྲོན་བསྡོམས་ཧིན་སྒོར་འབུམ་༤༥ལྷག་གཏོང་གི་ཡོད་འདུག
ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་ཚོགས་བརྡ་བཏང་བའི་ཚོགས་དུས་དྲུག་པའི་སྟེང་མཉམ་བཞུགས་གནང་ཐུབ་མིན་ཐད་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་ཚོགས་དྲུང་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བ་བཞིན་ཡོང་དགོས་ཀྱི་རེད་བ་ཞེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཡུ་རོབ་སྤྱི་འཐུས་གཉིས་ཀྱང་ཚོགས་བརྡ་བཏང་བའི་ཚོགས་དུས་དྲུག་པའི་སྟེང་ཕེབས་རྒྱུའི་སྐུ་ངལ་ཡོད་སྐོར་ཚོགས་གཙོ་སྦྲེལ་པོ་གཉིས་ལ་སྙན་ཞུ་ཕུལ་ཡོད་འདུག ཨེ་ཤེ་ཡ་དང་ཨོ་སི་ཀྲེ་ལེ་ཤི་ཡའི་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་སུ་ཕྱི་ཟླ་༡༢པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་སྟེང་མཉམ་བཞུགས་གནང་ཐུབ་མིན་ཐད་བཀའ་འདྲི་ཞུས་པར། ཁོང་སྒེར་གྱི་གནས་སྟངས་ཀྱི་ཐོག་ནས་དཀའ་ལས་ཡོད་ཀྱང་འབད་བརྩོན་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། གྲོས་ཚོགས་ཚོགས་དུས་དྲུག་པ་དེ་ཕྱི་ཟླ་༡༢ནང་འཚོགས་ཐུབ་མིན་ཐད་སྤྱི་འཐུས་རྒྱུན་ལས་ནང་གོ་བསྡུར་གྱིས། གྲོས་ཚོགས་ཚོགས་དུས་དྲུག་པ་དེ་བཞིན་ཕྱི་ཟླ་༡༢པའི་ཚེས་༢༥ནས་༢༩བར་འཚོགས་གཏན་འཁེལ་ཡོད་འདུག
ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༤ རེས་གཟའ་ཕུར་བུ་ནས་ཚེས་ ༣༠ རེས་གཟའ་སྤེན་པ་བར་ལས་ཉིན་བཅོ་ལྔ་རིང་བཞུགས་སྒར་སྤྱི་ལྷན་གྲོས་ཚོགས་ཚོགས་ཁང་ནང་ཚུགས་གཏན་འཁེལ་བའི་གསལ་བསྒྲགས་སྤེལ་འདུག།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག