བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བཞི་པ་མཇུག་སྒྲིལ་བ་དང་རྒྱུན་ལས་གསར་འདེམས་གནང་སོང་།

བོད་མི་བཙན་བྱོལ་བའི་སྤྱི་ཚོགས་སུ་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་ཀྱི་གྲས་སུ་བརྩི་སྲོལ་ཡོད་པ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བཞུགས་སྒར་ཉེ་འཁྲིས་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ནང་། ཉིན་དྲུག་རིང་ཚོགས་ཆེན་ཐེངས་༡༤པ་བསྐོང་འཚོགས་དང་འབྲེལ། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་། ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས། བོད་ནང་རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭ་བཙུགས་ནས་བོད་ཕྲུག་རྒྱ་བསྒྱུར་གྱི་ལས་འགུལ་ཐད་ལ་ཞུ་གཏུག་བྱེད་ཕྱོགས་བཅས་ཚུད་པའི་གྲོས་གཞི་དོན་ཚན་བདུན་གྱི་སྟེང་གོ་བསྡུར་གྲོས་ཆོད་བཞག་ཡོད་པ་མ་ཟད། ཕྱི་ཟླ་༤ཚེས་༢༤ཉིན་ཚོགས་ཆེན་མཇུག་སྡོམ་གྱི་གོང་དེར་བུད་མེད་ལྷན་ཚོགས་ཀྱི་སྐབས་༡༤དབུས་རྒྱུན་མི་འགྲོ་གསར་འདེམས་གནང་འདུག་པར། སྐབས་སྔ་མའི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་ཚོགས་གཙོར་གསར་འདེམས་བྱུང་པ་དང་། སྐབས་སྔ་མའི་དྲུང་ཆེ་སྐལ་བཟང་སྒྲོལ་མ་ལགས་ཚོགས་གཞོན་དུ་གསར་འདེམས་བྱུང་པ་བཅས་བྱུང་འདུག ཚོགས་གཙོ་གསར་པ་ཚེ་རིང་སྒྲོལ་མ་ལགས་ཀྱིས། བོད་ནང་གི་བཅའ་སྡོད་སློབ་གྲྭ་ནི་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་དུ་གཏོང་བའི་སྲིད་ཇུས་ཧ་ཅང་གཏིང་ནག་པོ་ཞིག་ཡིན་པས། སྲིད་ཇུས་དེ་ཛ་དྲག་ཏུ་མཐོང་སྟེ་ང་ཚོས་དེའི་ཐོག་ཞུ་གཏུག་སོགས་ཤུགས་རྒྱག་དགོས་གལ་ཆེན་པོ་རེད་ཅེས་གསུངས་བྱུང་།
ཡང་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་༡༤པའི་གསར་འདེམས་ཚོགས་གཞོན་བསྐལ་བཟང་སྒྲོལ་མ་ལགས་ཀྱིས། ཚོགས་ཆེན་འདིར་གྲོས་གཞི་གྲོས་ཆོད་རྣམས་༧གོང་ས་མཆོག་གི་སྐུ་ཕྱྭ་ནས་བཟུང་མཐའ་མའི་ཚོགས་བཅར་བའི་དགོངས་འཆར་བར་འགྲོ་ཐུབ་ཡོད་པ་དང་། ལོ་གསུམ་ནང་འགན་འཛིན་ལྷན་ཚོགས་དང་ཚོགས་ཆེན་ཐེངས་མ་གཅིག་ཚོགས་ཀྱི་ཡོད་པའི་ཐོག་ད་རེས་ཀྱི་ཚོགས་ཆེན་འདི་ཚགས་ཚུད་པོ་དང་། ས་གནས་རྒྱུན་ལས་ཚང་མས་གྲོས་གཞི་རྣམས་ལ་གོ་བསྡུར་གྱི་སྐབས་ཆ་ཤས་གཅིག་མཇུག་གཉིས་མཐུད་དུ་བླངས་ཏེ། གྲོས་ཆོད་རྣམས་གཏན་འབེབས་ཡག་པོ་གནང་ཐུབ་ཡོད་པ་དང་། ལྷན་ཚོགས་ཆེན་པོ་འདི་ད་ལྟའི་ཆར་ཚགས་ཚུད་ཡག་པོ་བྱུང་ཡོད་པས། མ་འོངས་པར་ལབ་རྒྱུ་གླེང་རྒྱུ་འདྲ་བྱུང་བའི་དབང་དུ་བཏང་ནའང་། ང་ཚོ་ལ་གྲ་སྒྲིག་དང་ཡིད་ཆེས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
ཚོགས་ཆེན་གྱི་མཇུག་སྡོམ་དུ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས། ང་ཚོའི་ནུས་པ་མཉམ་རུབ་དང་ཆོལ་གསུམ་ཆིག་སྒྲིལ་གྱིས་བོད་རྩ་དོན་གྱི་ཐོག་ཕྱག་ལས་གནང་དགོས་པའི་དུས་ཚོད་ཅིག་རེད་ཅེས་ལམ་སྟོན་གནང་སོང་།
བོད་ཀྱི་བུད་མེད་ལྷན་ཚོགས་ནི་འཛམ་གླིང་ཡུལ་གྲུ་འདྲ་མིན་གྱི་ནང་ས་གནས་ཡན་ལག་ཚོགས་པ་༥༨དང་། བོད་ཀྱི་བུད་མེད་ཚོགས་མི་ཁྲི་གཉིས་བརྒལ་བ་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་ཤིག་ཡིན་པས། ལོ་གསུམ་རེའི་ནང་ཚོགས་སྲོལ་ཡོད་པའི་ད་རེས་ཀྱི་ཚོགས་ཆེན་ཐེངས་༡༤པར་ས་གནས་མི་འདྲ་བ་ཁག་༣༧ནས་རྒྱུན་ལས་ཚོགས་མི་༡༥༠ལྷག་གིས་མཉམ་ཞུགས་གནང་ཡོད་པ་རེད།།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།