བོད་ཀྱི་གནད་དོན་ནི་རྒྱ་གར་གྱི་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྐོར་གསུངས་འདུག

2024.11.26
བོད་ཀྱི་གནད་དོན་ནི་རྒྱ་གར་གྱི་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྐོར་གསུངས་འདུག རྟ་དབང་གནས་སྐོར་སྐོར་སྐྱོད་ཀྱི་དབུ་འབྱེད་མཛད་སྒོའི་སྐབས་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ཀྱིས་གསུང་བཤད་གནང་བཞིན་པ། ༢༠༢༤།༡༡།༡༩ ཉིན།
Tibet.Net

རྒྱ་གར་རྒྱལ་ཡོང་འཕགས་བོད་འབྲེལ་མཐུད་ཚོགས་པའི་སྣེ་ཁྲིད་འོག་ཟླ་བ་འདིའི་ཚེས ༡༩ ཉིན་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཧ་ཊི་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་མོན་རྟ་དབང་བར་གནས་སྐོར་སྐོར་སྐྱོད་(Tawang Tirth Yatra)ཞེས་པའི་བོད་དོན་གོ་རྟོགས་ཀྱི་ལས་འགུལ་ཐེངས་བཅུ་གསུམ་པ་དེ་འགོ་འཛུགས་གནང་ཡོད་པ་དང་།  དབུ་འབྱེད་མཛད་སྒོའི་སྐབས་བོད་མི་མང་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ཀྱིས། རྒྱ་ནག་གཞུང་གི་དབང་བསྒྱུར་འོག་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་བོད་ནང་རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་རྒྱའི་གཏན་འཇགས་སློབ་གྲྭའི་ནང་བཙན་གྱིས་བཅུག་སྟེ། མི་རིགས་རྒྱ་སྒྱུར་གྱི་སྲིད་བྱུས་འཛིན་བཞིན་ཡོད་པའི་སྐོར་དང་། རྒྱ་གར་གཞུང་མང་གཉིས་ནས་བོད་མིའི་དངོས་ཡོད་གནས་ཚུལ་རྣམས་དྲིལ་བསྒྲགས་ཀྱིས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ། བོད་དང་རྒྱ་གར་དབར་ས་མཚམས་ཀྱི་འབྲེལ་བ་ཡོད་སྟབས། བོད་ཀྱི་གནད་དོན་དེ་བཞིན་རྒྱ་གར་གྱི་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྐོར་དང་འབྲེལ། གལ་ཏེ་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་ཡིན་ན་བོད་དང་རྒྱ་གར་དབར་གྱི་སྔ་མོའི་སྤུན་ཟླའི་འབྲེལ་བ་དམ་ཟབ་དེ་བཞིན་རྒྱུན་འཁྱོངས་ཐུབ་ངེས་ཡིན་པ་སོགས་གསུངས་ཡོད་སྐོར། བོད་མི་མང་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཞལ་པར་བརྒྱུད་གསུངས་བྱུང་ལ། མ་ཟད་ཁོང་ནས་རྒྱ་གར་ཡུལ་མི་གཙོ་བོར་འགྱུར་བའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ནས་བོད་དོན་གོ་རྟོགས་ཀྱི་ལས་འགུལ་དེ་ལྟ་བུ་མུ་མཐུད་སྤེལ་ཐུབ་པ་ནི་གལ་གནད་ཅན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་སྐོར་གསུངས་འདུག

ཐེངས་འདིའི་ལས་འགུལ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིནྡྲེཤ་ཀུ་མཱར་(Indresh Kumar) ལགས་དང་། འཕགས་བོད་འབྲེལ་མཐུད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་པན་ཀཇཱ་གྷོ་ཡལ་(Pankaj Goyal)ལགས་དང་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཏི་རི་པུ་རཱ་མངའ་སྡེའི་དྲུང་ཆེ་སྐུ་ཞབས་ར་བྷིན་དྷར་ར་ཇུ་ལགས། ཨ་རུ་ནཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་བཀྲིས་བདེ་སྐྱིད་ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་།  རྒྱ་གར་གྱི་མངའ་སྡེ་ཁག་ ༢༣ ཙམ་ནས་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༢༧༥ ལྷག་ནས་མཉམ་ཞུགས་གནང་ཡོད་འདུག

རྩ་བའི་རྟ་དབང་གནས་སྐོར་སྐོར་སྐྱོད་ཅེས་པའི་བོད་དོན་གོ་རྟོགས་ལས་འགུལ་དེ་བཞིན་ཐོག་མར་འཕགས་བོད་འབྲེལ་མཐུད་ཚོགས་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༢ ལོར་འགོ་འཛུགས་གནང་འདུག་ཅིང་། འཕགས་བོད་འབྲེལ་མཐུད་ཚོགས་པ་དེ་བཞིན་ཐོག་མར་ ༡༩༩༩ ལོར་སྐུ་ཞབས་ཨིན་དི་རེཤ་ཀུམཱར་མཆོག་ནས་འགན་རྐང་བཞེས་པའི་ཐོག་གསར་བཙུགས་གནང་བ་ཞིག་དང་། ད་ལྟའི་ཆར་ཚོགས་པ་དེས་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ཕལ་ཆེ་བའི་ནང་ཡན་ལག་ཚོགས་པ་འཛུགས་ཐུབ་པ་བྱུང་ཡོད་པ་རེད་འདུག སྤྱིར་རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་དག་ཅིག་ཡོད་ན་ཡང་འཕགས་བོད་འབྲེལ་མཐུད་ཚོགས་པ་དེ་བཞིན་སྲིད་དོན་ཚོགས་པ་དང་སྤྱི་ཚོགས་ཞབས་ཞུ་ཚོགས་པ་གཉིས་ཀྱིས་སྣེ་ཁྲིད་པའི་ཚོགས་པ་ཞིག་ཆགས་ཀྱི་ཡོད་སྟབས་ད་བར་ཚོགས་པ་དེ་ཚགས་ཚུད་ངང་གནས་ཐུབ་པ་དང་གྲུབ་འབྲས་ཐོན་པའི་ལས་དོན་ཡང་མང་དག་ཅིག་སྤེལ་ཐུབ་པ་བྱུང་འདུག

གསར་འགོད་པ། པ་སངས་ཚེ་རིང་།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎